[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་སྲིད་གྲོས་ཀྱིས“གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་རིག་གནས་སྒྱུ་རྩལ་སྲུང་སྐྱོང་དང་རྒྱུན་འཛིན་ལ་ཤུགས་སྣོན་རྒྱག་རྒྱུར”དམིགས་ནས་དྲ་རྒྱའི་གྲོས་མོལ་སྲིད་གླེང་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-27

    ཚེས་24ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིང་དུ་དྲ་རྒྱའི་སྲིད་གླེང་གི་རྒྱང་ཁྲིད་གྲོས་མོལ་ཚོགས་འདུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་ཞིང་། ཁོང་གིས་གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་རིག་གནས་སྒྱུ་རྩལ་ནི་ཀྲུང་ཧྭའི་རིག་གནས་ཀྱི་མཆོག་ནོར་ཡིན། གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་རིག་གནས་སྒྱུ་རྩལ་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མཚོན་བྱེད་དུ་བྱེད་པའི་སྲིད་སྐྱོང་འདུ་ཤེས་དང་མི་རིགས་ཁག་ཚང་མ་འདྲ་མཉམ་གྱི་ཆབ་སྲིད་འདུ་ཤེས་ཀྱིས་གཏན་འཁེལ་བྱས་པ་ཞིག་རེད། མི་རིགས་ལས་དོན་དང་རིག་རྩལ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྣེ་ཁྲིད་དུ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱེད་པ། སྲིད་གཞུང་དང་། ཁྲོམ་ར། སྤྱི་ཚོགས་བཅས་ཀྱི་སྟོབས་ཤུགས་ལ་སྤྱི་འདོམས་ཀྱིས་ཡག་པོ་སྤྱོད་པ། གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་རིག་གནས་སྒྱུ་རྩལ་སྲུང་སྐྱོང་དང་རྒྱུན་འཛིན་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་བཅས་བྱས་ནས། ཀྲུང་ཧྭའི་རིག་གནས་དར་རྒྱས་གོང་འཕེལ་ཡོང་བ་དང་ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་སྐྲུན་དགོས་པའི་ནན་བཤད་གནང་བ་རེད།

    རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ཆེད་མངགས་གདན་ཞུས་འཐུས་མི་11གིས་རྒྱལ་ཡོངས་སྲིད་གྲོས་ལས་ཁུངས་དང་ཀུའེ་ཀྲོའུ་དང་ཡུན་ནན་གྱི་ཚོགས་ར་3དང་། དེ་བཞིན་ལག་ཐོགས་ཁ་པར་ནས་བརྙན་ལམ་འབྲེལ་མཐུད་བྱས་ཏེ་གཏམ་བཤད་སྤེལ་བ་དང་། ཨུ་ཡོན་70ལྷག་ཙམ་གྱིས་ཨུ་ཡོན་གྱི་འགན་སྒྲུབ་ལས་སྟེགས་ཐོག་བསམ་འཆར་བཏོན་པ་རེད། ཚང་མས་ཏང་དང་རྒྱལ་ཁབ་ཀྱིས་སྔར་ནས་ད་བར་གྲངས་ཉུང་མི་རིགས་ཀྱི་རིག་གནས་དང་གོམས་སྲོལ་ལ་བརྩི་འཇོག་དང་མི་རྒྱུ་དངོས་གསུམ་འབོར་ཆེན་བཏང་ནས་གྲངས་ཉུང་མི་རིགས་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱས་ཏེ། གྲངས་ཉུང་མི་རིགས་ཀྱི་རིག་གནས་སྒྱུ་རྩལ་དར་རྒྱས་གོང་འཕེལ་བཏང་བས། ད་ཆ་ཀྲུང་ཧྭའི་རིག་གནས་སྔར་བས་བཀྲག་མདངས་ཆེ་ལ་ནང་དོན་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད། བཟོ་ལས་ཅན་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འཕེལ་རྒྱས་གཏིང་ཟབ་འགྲོ་བ་དང་བསྟུན་ནས། གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་རིག་གནས་སྒྱུ་རྩལ་ལ་ཐོན་ཁུངས་དཀོན་དུ་འགྲོ་བ་དང་ཤེས་ལྡན་པ་མི་འདང་བ་སོགས་ཀྱི་གནད་དོན་གསར་པ་འཕྲད་བཞིན་ཡོད་པས། སྲུང་སྐྱོང་དང་རྒྱུན་འཛིན་བྱེད་ཤུགས་ཆེ་རུ་གཏོང་བའི་དགོས་གལ་ཆེན་པོ་ཡོད་པའི་ངོས་འཛིན་གནང་བ་རེད།

    ཨུ་ཡོན་ཚོས། གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་རིག་གནས་སྒྱུ་རྩལ་སྲུང་སྐྱོང་དང་རྒྱུན་འཛིན་ལས་དོན་ཡག་པོ་སྒྲུབ་པར་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལྟ་བ་ཡང་དག་འཛུགས་པ་དང་། ཐུན་མོང་རང་བཞིན་ཇེ་ཆེར་གཏོང་བ་དང་ཁྱད་པར་རང་བཞིན་ལ་བརྩི་འཇོག་དང་བསྟུན་མཁས་བྱེད་པའི་རྩ་དོན་ཁོང་དུ་ཆུད་པར་བྱེད་པ། རྒྱལ་ཁབ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཕན་ཚུན་གཅིག་གྱུར་བྱེད་པའི་ནང་དོན་མངོན་གསལ་དོད་པོ་ཡོང་བ་བཅས་བྱས་ནས་མི་རིགས་ཁག་གི་མི་སེམས་གཅིག་ཏུ་སྒྲིལ་བ་དང་ཕན་ཚུན་གཅིག་ལ་གཅིག་རྟེན་ལ་སྐུལ་འདེད་གཏོང་དགོས། ཤན་འབྱེད་ཡག་པོ་དང་བླང་དོར་ཡོད་པར་བྱས་ཏེ་མི་རིགས་ཁག་གི་ཕུལ་བྱུང་གཤིས་རྒྱུད་དང་བློ་གྲོས་མཚོན་པ་དང་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་རིག་གནས་སྒྱུ་རྩལ་གཙོ་གནད་སྲུང་སྐྱོང་དང་རྒྱུན་འཛིན་བྱས་ནས། སྤྱི་ཚོགས་རིང་ལུགས་དང་དེང་རབས་ཀྱི་ཤེས་དཔལ་དང་འགལ་བའི་ནང་དོན་ཡིན་ཕྱིན་འཕྲལ་དུ་འདོར་བའི་རང་རྟོགས་དང་བློ་སྟོབས་ལྡན་པར་བྱེད་དགོས། གྲངས་ཉུང་མི་རིགས་དང་ལྷག་པར་དུ་མི་འབོར་ཅུང་ཉུང་བའི་མི་རིགས་ཀྱི་ཕུལ་བྱུང་རིག་གནས་སྒྱུ་རྩལ་ལ་ཡོངས་བཤེར་དང་། སྔོག་འདོན། ཞིབ་འཇུག འཆད་འགྲེལ་བཅས་ལ་ཤུགས་སྣོན་དང་། གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་རིག་གནས་སྒྱུ་རྩལ་ཐོན་ལས་ཅན་དུ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར། སྟོངས་ལ་ཉེ་བའི་རིག་དངོས་གནའ་གཞུང་དང་ངག་རྒྱུན་དཔྱད་གཞི་མྱུར་སྐྱོབ་ལ་དམ་འཛིན། མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་རིག་རྩལ་གནའ་འཛིན་དེང་གཏོད་དང་དུས་བསྟུན་ཡར་བརྩོན་བཅས་བྱས་ནས་གསར་གཏོད་རང་བཞིན་གྱི་སྲུང་སྐྱོང་དང་གསར་གཏོད་རང་བཞིན་གྱི་རྒྱུན་འཛིན་བྱེད་དགོས། ཚན་རིག་དང་མཐུན་ཞིང་ཆ་ཚང་ལ་ལུགས་མཐུན་ཡིན་པའི་མངོན་མིན་རིག་གནས་ཤུལ་བཞག་རིག་པའི་རིག་ཚན་མ་ལག་བཙུགས་ཏེ། མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ལ་རིགས་པས་ཁུངས་སྐྱེལ་དང་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་ནས། ས་གནས་ཁག་གཅིག་གིས་རེ་འདུན་ཞུ་བར་མཐོང་ཆེན་དང་རྒྱུན་འཛིན་ལ་སྣང་ཆུང་བྱེད་པའི་ཕྱོགས་ལྷུང་ཁྱད་དུ་གསོད་དགོས། མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པར་བརྩི་འཇོག་དང་། སེམས་ཁུར། གཅེས་སྐྱོང་བཅས་བྱས་ཏེ་ཤེས་ལྡན་པ་གསོ་སྐྱོང་གི་ཐབས་ལམ་རྒྱ་ཆེར་བཏང་ནས། རྒྱུན་འཛིན་པ་དང་སྒྱུ་རྩལ་མཉམ་གནས་རྒྱུན་མཐུད་ཡོང་བར་བྱེད་དགོས། ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་དང་། སྲིད་གཞུང་གིས་སྤྱི་འདོམས་འཆར་འགོད། ལས་རིགས་ཁག་རྒྱ་ཁྱབ་ཞུགས་པ་བཅས་ཀྱི་ལས་ཀའི་རྣམ་པ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་ནོར་སྲིད་ཀྱི་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་ནས། སྲུང་སྐྱོང་དང་རྒྱུན་འཛིན་གྱི་མཉམ་ཤུགས་གཅིག་ཏུ་སྒྲིལ་གང་ཐུབ་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།