[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱི།

    ཀྲའེ་ཀྲི་ཀང་དང་ཝང་ཡ་ཕིང་ལ“འཇིག་རྟེན་འཕུར་སྐྱོད་ཀྱི་བྱས་རྗེས་རིམ་པ་གཉིས་པའི་གཟེངས་རྟགས”སྤྲོད་རྒྱུ་དང་ཡེ་ཀོང་ཧྥུའུ་ལ“འཇིག་རྟེན་འཕུར་སྐྱོད་དཔའ་བོའི”གཟི་བརྗིད་མཚན་སྙན་སྤྲོད་རྒྱུ་དང་འབྲེལ“འཇིག་རྟེན་འཕུར་སྐྱོད་ཀྱི་བྱས་རྗེས་རིམ་པ་གསུམ་པའི་གཟེངས་རྟགས”སྤྲོད་རྒྱུའི་སྐོར་གྱི་གཏན་འབེབས།

  • ཡོང་ཁུངས།   མི་དམས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-23

    (2022ལོའི་ཟླ་6ཚེས་21ཉིན)

    2021ལོའི་ཟླ་10ཚེས་16ཉིན། ལྷ་གྲུ་ཨང་བཅུ་གསུམ་པའི་མི་བཞུགས་འཕུར་གྲུ་ལེགས་གྲུབ་ལྡན་པའི་ངང་འཕེན་གཏོང་བྱས་པ་དང་། འཇིག་རྟེན་འཕུར་སྐྱོད་པ་ཀྲའེ་ཀྲི་ཀང་དང་། ཝང་ཡ་ཕིང་། ཡེ་ཀོང་ཧྥུའུ་བཅས་འཕུར་གྲུར་བསྡད་ནས་མཁའ་མཐུན་ལྟེ་བའི་གྲུ་ཚང་དུ་བདེ་བླག་ངང་བཅའ་སྡོད་བྱས་ཏེ་གྲུ་ཚང་ནས་ཕྱིར་དོན་པའི་བྱེད་སྒོ་ཐེངས་2དང་བར་སྣང་དུ་སློབ་ཁྲིད་ཐེངས་2བྱས་པ་མཚོན་བྱེད་དུ་བྱས་པའི་གསར་གཏོད་རང་བཞིན་དང་ཚད་བརྒལ་རང་བཞིན་གྱི་ཚན་རིག་ཚོད་ལྟ་དང་བར་སྣང་གི་བཀོལ་སྤྱོད་ལས་འགན་རབ་དང་རིམ་པ་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་པ་དང་། འཁོར་ལམ་ཐོག་ཟླ་བ་6བསྡད་ནས་2022ལོའི་ཟླ་4ཚེས་16ཉིན་བདེ་འཇགས་ངང་ཕྱིར་ལོག་བྱས་པ་རེད། ལྷ་གྲུ་ཨང་བཅུ་གསུམ་པའི་མི་བཞུགས་འཕུར་སྐྱོད་ལས་འགན་ནི་བར་སྣང་ས་ཚིགས་ཀྱི་འགག་རྩའི་ལག་རྩལ་ཞིབ་དཔྱད་ར་སྤྲོད་བྱེད་པའི་དུས་མཚམས་ཀྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་དམག་འཐབ་ཅིག་ཡིན་པས། མི་བཞུགས་འཕུར་གྲུ་བར་སྣང་ས་ཚིགས་སུ་ཐད་ཀར་སྡོད་པ་ཐོག་མར་མངོན་གྱུར་བྱུང་བ་དང་། ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་པས་བསྟུད་མར་འཁོར་ལམ་དུ་འཕུར་སྐྱོད་བྱེད་ཡུན་གྱི་ཟིན་ཐོ་གསར་པ་བཏོད་པ། འགག་རྩའི་ལྟེ་བའི་ལག་རྩལ་ཐད་ཚད་བརྒལ་གལ་ཆེན་མང་པོ་བྱུང་བ། བར་སྣང་ས་ཚིགས་ཀྱི་རྗེས་མཐུད་བཟོ་སྐྲུན་དང་འཁོར་སྐྱོད་ལ་རྨང་གཞི་བརྟན་པོ་བཏིང་བ། ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ལས་དོན་གྱི་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྟོབས་ཡོང་བར་གོམ་སྟབས་གསར་པ་སྤོས་པ་མཚོན་པ། འཇིག་རྟེན་འཕུར་སྐྱོད་ཀྱི་སྟོབས་ཆེའི་རྒྱལ་ཁབ་སྐྲུན་མགྱོགས་སུ་གཏོང་བར་ཚད་བརྒལ་གསར་པ་བཅས་བྱུང་བས། རང་རྒྱལ་གྱི་ཕྱོགས་བསྡུས་རྒྱལ་སྟོབས་དང་མི་རིགས་གོང་བུ་འགྲིལ་ཤུགས་ཆེ་རུ་གཏོང་བ་དང་། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་འབད་འབུངས་མདུན་སྐྱོད་བྱེད་པར་སྐུལ་མ་གཏོང་བ། ལག་གདང་སྦྲེལ་ནས་འབད་བརྩོན་དང་འབྱུང་འགྱུར་མཉམ་གཏོད་བྱེད་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་ཟམ་མི་ཆད་པར་བརྩོན་ལེན་བཅས་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།

    ལྷ་གྲུ་ཨང་བཅུ་གསུམ་པའི་མི་བཞུགས་འཕུར་སྐྱོད་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བར་རྒྱ་ཆེའི་ཚན་རྩལ་ལས་དོན་པ་དང་། འཇིག་རྟེན་འཕུར་སྐྱོད་པ། ལས་བྱེད་ལས་བཟོ། བཅིངས་འགྲོལ་དམག་གི་བཀོད་འཐབ་པ་བཅས་ཀྱི་བློ་གྲོས་དང་སེམས་ནུས་གཅིག་ཏུ་འདུས་ཡོད། བློ་མཐུན་ཀྲའེ་ཀྲི་ཀང་དང་། ཝང་ཡ་ཕིང་། ཡེ་ཀོང་ཧྥུའུ་བཅས་ནི་དེའི་ཁྲོད་ཀྱི་ཕུལ་བྱུང་འཐུས་མི་ཡིན་པ་དང་། ཁོང་ཚོས་བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་ལ་དྲིན་ལན་འཇལ་བ་དང་མཐུན་སྒྲིལ་མཉམ་ལས་བྱས་ཏེ་འཛམ་གླིང་ལ་ཀྲུང་གོའི་སྙིང་སྟོབས་དང་ཀྲུང་གོའི་སྟོབས་ཤུགས་ཆེན་པོ་ངོམ་ཡོད། བློ་མཐུན་ཀྲའེ་ཀྲི་ཀང་གིས་མི་བཞུགས་འཕུར་སྐྱོད་ལས་འགན་ཐེངས་2བསྒྲུབས་པ་དང་འབྲེལ་བཀའ་བཀོད་དཔོན་བྱས་པ་དང་གྲུ་ཚང་ནས་ཕྱིར་དོན་པའི་བྱེད་སྒོ་ཐེངས་3ནང་ཞུགས་ནས་མིག་སྔར་གྲུ་ཚང་ནས་དོན་ཐེངས་མང་ཤོས་ཀྱི་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་པ་ཞིག་ཏུ་གྱུར་ཡོད། བློ་མཐུན་ཝང་ཡ་ཕིང་བར་སྣང་དུ་ཕུགས་འདུན་འགྲུབ་པར་ཐེངས་གཉིས་བསྐྱོད་པ་དང་ཡང“བར་སྣང་གི་འཆད་སྟེགས”ཐོག་བསྐྱོད་དེ་བར་སྣང་ས་ཚིགས་སུ་བཅའ་སྡོད་བྱེད་མཁན་དང་གྲུ་ཚང་ནས་དོན་མཁན་ཀྲུང་གོའི་བུད་མེད་འཇིག་རྟེན་འཕུར་སྐྱོད་པ་དང་པོར་གྱུར་ཡོད། བློ་མཐུན་ཡེ་ཀོང་ཧྥུའུ་ཡིས་སྦྱོང་བརྡར་ཏན་ཏིག་དང་དཀའ་སྤྱད་ཞུན་བརྡར་བྱས་པས་གཟི་བརྗིད་ལྡན་པའི་ངང་ལྷ་གྲུ་ཨང་བཅུ་གསུམ་པའི་ཚོགས་ཆུང་ནང་བདམས་ཐོན་བྱུང་སྟེ་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་པ་རེད། 

    ཁོ་ཚོས་རང་རྒྱལ་གྱི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་བྱ་གཞག་ལ་གཟེངས་སུ་ཐོན་པའི་བྱས་རྗེས་བཞག་པར་གཟེངས་བསྟོད་བྱ་ཆེད། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱིས་བློ་མཐུན་ཀྲའེ་ཀྲི་ཀང་དང་ཝང་ཡ་ཕིང་ལ“འཇིག་རྟེན་འཕུར་སྐྱོད་ཀྱི་བྱས་རྗེས་རིམ་པ་གཉིས་པའི་གཟེངས་རྟགས”སྤྲོད་རྒྱུ་དང་། བློ་མཐུན་ཡེ་ཀོང་ཧྥུའུ་ལ“འཇིག་རྟེན་འཕུར་སྐྱོད་པ་དཔའ་བོའི”གཟི་བརྗིད་མཚན་སྙན་སྤྲོད་རྒྱུ་མ་ཟད། “འཇིག་རྟེན་འཕུར་སྐྱོད་ཀྱི་བྱས་རྗེས་རིམ་པ་གསུམ་པའི་གཟེངས་རྟགས”ཀྱང་སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད།

    བློ་མཐུན་ཀྲའེ་ཀྲི་ཀང་དང་། ཝང་ཡ་ཕིང་། ཡེ་ཀོང་ཧྥུའུ་བཅས་ནི་ཐོག་མའི་བསམ་འདུན་མ་བརྗེད་པ་དང་། འགན་འཁྲི་བློ་ལ་བརྟན་པོར་འཆང་བ། བླ་ན་མེད་པའི་བྱ་གཞག་ལ་ལེགས་སྐྱེས་འབུལ་བ་བཅས་ཀྱི་དུས་རབས་ཀྱི་གདོང་ལེན་པ་ཞིག་རེད། འཇིག་རྟེན་འཚོལ་ཞིབ་དང་། བར་སྣང་གི་ཕུགས་འདུན་མངོན་འགྱུར། འཇིག་རྟེན་འཕུར་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པ་བཅས་ཀྱི་དཔེ་དམག་གི་མིག་དཔེ་ཞིག་ཀྱང་རེད། ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། གཟེངས་བསྟོད་ཐོབ་པའི་འཇིག་རྟེན་འཕུར་སྐྱོད་པ་མིག་དཔེར་འཛིན་པ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་འབད་འབུངས་ཡར་བརྩོན་དང་ལག་བསྟར་ནན་ཏན་ལ་ལྷོད་གཡེང་མི་གཏོང་བ། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་བཅས་ཀྱིས་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།