[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱིས་བྱ་ཐབས་བཞི་སྤྱད་དེ་དཀའ་ངལ་ཡོད་པའི་མང་ཚོགས་ལ་ལས་ཞུགས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-23

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ལས་ཞུགས་ནི་དམངས་འཚོའི་རྩ་བ་ཡིན་པས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ལས་ཞུགས་ལ་རོགས་རམ་བྱེད་པ་ནི་ཧ་ཅང་འགག་རྩ་རེད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་པུའུ་ཀྲང་གཞོན་པ་ལི་ཀྲུང་གིས་ཚེས་17ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་ཇུས་ཀྱི་འཆར་ཅན་བརྡ་གཏོང་ཚོགས་འདུར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་བྱ་ཐབས་བཞི་གཙོ་གནད་སྤྱད་དེ་དཀའ་ངལ་ཡོད་པའི་མང་ཚོགས་ལ་ལས་ཞུགས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་བརྗོད་པ་རེད།

    གཅིག་ནས་དཀའ་ངལ་ཡོད་པའི་མིའི་ལས་ཞུགས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ལས་ཞུགས་རོགས་སྐྱོར་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། དྲ་ཐོག་དང་དྲ་ཕྱིའི་ལས་ཤོར་ཐོ་འགོད་ཐབས་ལམ་ཤར་བགྲོད་ཐུབ་པ། ལས་ཞུགས་ལ་དཀའ་ངལ་ཡོད་པའི་མི་དུས་ཐོག་ཏུ་རོགས་སྐྱོར་བྱེད་ཁོངས་སུ་འཇུག་པ། ལས་ཞུགས་རོགས་སྐྱོར་ཟླ་བ་སོགས་ཀྱི་ཆེད་དོན་བྱེད་སྒོ་སྤེལ་ནས་གཅིག་ལ་གཅིག་གཏད་ཀྱི་ཞབས་འདེགས་གནད་སྨིན་ཞུ་བ། ཁྲོམ་རའི་ཐབས་ལམ་བརྒྱུད་ལས་ཞུགས་དཀའ་བའི་རིགས་ལ་སྤྱི་ཕན་རང་བཞིན་གྱི་ལས་གནས་སྤྱད་དེ་ཐ་སྐྱོང་བཀོད་སྒྲིག་བཅས་བྱེད་པ།

    གཉིས་ནས་དཀའ་ངལ་ཡོད་པའི་སློབ་ཐོན་སློབ་མར་གཙོ་གནད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། དབུལ་སྒྲོལ་ཁྱིམ་ཚང་དང་། མ་མཐའི་འཚོ་བའི་འགན་ལེན་ཁྱིམ་ཚང་། ལས་ཞུགས་ཐུབ་མེད་པའི་ཁྱིམ་ཚང་། དེ་བཞིན་དབང་པོ་སྐྱོན་ཅན་དང་དུས་ཡུན་ཅུང་རིང་པོ་ལས་ཞུགས་ཐུབ་མེད་པའི་མཐོ་སློབ་སློབ་ཐོན་སློབ་མ་བཅས་གཙོ་གནད་རོགས་སྐྱོར་བྱ་ཡུལ་དུ་བརྩིས་ནས། མི་རེར་ཡིག་ཚགས་རེ་དང་མི་རེར་ཐབས་ཇུས་རེའི་ཆེད་དོན་ཞབས་འདེགས་ཞུ་བ་དང་། ལས་གནས་སྔོན་ལ་འོས་སྦྱོར། ལྟ་སྦྱོང་སྔོན་ལ་བཀོད་སྒྲིག ཆ་རྐྱེན་འདྲ་མཚུངས་འོག་སྔོན་ལ་ལས་ཀར་བསྡུ་བ་བཅས་ཐབས་མང་མཉམ་དུ་སྤྱད་དེ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་གཏོང་བ།

    གསུམ་ནས་དབུལ་སྒྲོལ་མི་འབོར་གྱི་ལས་གནས་བརྟན་པོ་དང་ལས་ཞུགས་ཐུབ་པར་ཤུགས་སྣོན་རྒྱག་པ། ཤར་རྒྱུད་དང་ནུབ་རྒྱུད་ཀྱི་ངལ་ལས་མཉམ་ལས་ཟབ་ཏུ་གཏོང་བ་དང་། ངལ་ལས་སྤུས་རྟགས་གྲགས་ཅན་ཤུགས་ཆེན་གཏོད་པ། དབུལ་སྒྲོལ་མི་འབོར་ལས་མིར་འགྲོ་བའི་ཐབས་ལམ་རྒྱ་སྐྱེད་ཧུར་ཐག་གཏོང་བ། ལས་ཞུགས་རོགས་སྐྱོར་འཁོར་ཁང་སོགས་གཞི་རྟེན་གྱི་ནུས་པ་གང་ལེགས་བཏོན་ནས། དབུལ་སྒྲོལ་གྱི་ངལ་རྩོལ་ནུས་ཤུགས་ས་ཆ་དེ་ག་དང་ཉེ་སར་ལས་ཞུགས་ཀྱི་གོ་སྐབས་སྔར་ལས་མང་བ་མཁོ་འདོན་བྱེད་པ། ལས་ཞུགས་ཞབས་འདེགས་དང་། ལག་རྩལ་གསོ་སྦྱོང་། ཁེ་དབང་སྲུང་སྐྱོང་བཅས་ཀྱི“ཕྱོགས་གསུམ་གཞི་གཅིག”གི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། དབུལ་སྒྲོལ་མི་འབོར་གྱི་ལས་ཞུགས་དང་འབབ་འཕར་ལ་སྐུལ་འདེད་གཏོང་བ།

    བཞི་ནས་དཀའ་ངལ་ཡོད་པའི་ཚོགས་སྤྱི་གཞན་གྱི་སྤྱི་འདོམས་ལས་ཞུགས་བྱེད་ཤུགས་ཆེ་རུ་གཏོང་བ། དབང་པོ་སྐྱོན་ཅན་གྱི་བསྡུར་ཚད་ལྟར་ལས་ཞུགས་བྱེད་པའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། ལོ་ན་ཆེ་བའི་ངལ་རྩོལ་བའི་ལས་ཞུགས་རོགས་སྐྱོར་དང་ཁེ་དབང་སྲུང་སྐྱོང་ལ་ཤུགས་སྣོན། འབྲི་ཆུ་རྒྱུག་ཁུལ་ལམ་གཙོ་གནད་ཆུ་ཁོངས་སུ་ཉ་འཛིན་མི་ཆོག་པའི་ཉ་པར་ལས་ཀ་བཀོད་སྒྲིག་དང་འགན་སྲུང་གི་ལས་དོན་སོགས་ཏན་ཏིག་བསྒྲུབས་ནས་དཀའ་ངལ་ཡོད་པའི་མང་ཚོགས་ལས་ཀར་ཞུགས་པར་ཐབས་ལམ་ཡོད་པ་དང་འཚོ་བར་འགན་སྲུང་ཡོད་པའི་འགན་ལེན་ཏན་ཏིག་བྱེད་པ་བཅས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།