[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པར་ཞུགས་མཁན་ཕྱི་རྒྱལ་གྱི་འགོ་ཁྲིད་མི་སྣ་དང་མཉམ་དུ་འགྲེམས་ཁང་ལ་གཟིགས་སྐོར་གནང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-07

    677245_yis_1573016492251_s.jpg

    འདི་ནི་ཟླ་11ཚེས་5ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པའི་འགོ་ཚུགས་མཛད་སྒོར་ཞུགས་རྗེས་ཚོགས་ཞུགས་ཕྱི་རྒྱལ་གྱི་འགོ་ཁྲིད་མི་སྣ་དང་མཉམ་དུ་འགྲེམས་ཁང་ལ་གཟིགས་སྐོར་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་ཧྲང་ཧའེ་ནས་ཟླ་11ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཧྲང་ཧའེ་རུ་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པའི་འགོ་ཚུགས་མཛད་སྒོར་ཞུགས་ནས་ཚོགས་ཞུགས་ཕྱི་རྒྱལ་གྱི་འགོ་ཁྲིད་མི་སྣ་དང་མཉམ་དུ་འགྲེམས་ཁང་ལ་གཟིགས་སྐོར་གནང་བ་རེད།

    ཞི་ཅིན་ཕིང་གིས་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་གི་ཕེབས་རོགས་འོག་དང་ཐོག་ཧྥ་རན་སེའི་འགྲེམས་ཁང་དུ་ཕེབས་ཤིང་། མ་ཁེ་ལུང་གིས་ཐུགས་སྣང་གཤིན་པོའི་ངང་ཞི་ཅིན་ཕིང་ལ་ཧྥ་རན་སེའི་རྒུན་འབྲུམ་ཨ་རག་དང་ཚགས་ཤའི་བཟའ་བཅའི་བྲོ་བ་གཟིགས་སུ་བཅུག་གནང་བ་རེད། དེ་གར་ཡོད་པའི་ཧྥ་རན་སེའི་ཁེ་ལས་མཁས་ཅན་ཚོས་འཚང་ཁ་ཤིག་ཤིག་ངང་ཞི་ཅིན་ཕིང་ལ་རང་ཉིད་ཀྱི་ཚོང་ཟོག་ངོ་སྤྲོད་བྱས་པ་དང་ཧྥ་རན་སེའི་ཁེ་ལས་ཀྲུང་གོའི་ཁྲོམ་རར་ཡོང་འདོད་བྱེད་པ་དང་ཀྲུང་གོར་ཚོང་ཟོག་སྔར་ལས་མང་བ་ཕྱིར་གཏོང་བྱ་རྒྱུའི་རེ་བ་བྱེད་ལུགས་ཞུས་པ་རེད། ཞི་ཅིན་ཕིང་གིས་ཀྲུང་གོའི་འཛད་སྤྱོད་ཁྲོམ་ར་ཧ་ཅང་ཆེན་པོ་ཡོད་པས་རིམ་པ་མི་འདྲ་བ་དང་རྣམ་པ་མི་འདྲ་བའི་དགོས་མཁོ་སྐོང་ཐུབ། ཧྥ་རན་སེའི་ཁེ་ལས་མཁས་ཅན་གྱིས་མིག་རྒྱང་རིང་ཙམ་བྱས་ནས་ཀྲུང་གོ་དང་གཉིས་ཁེ་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཀྲུང་གོ་དང་ཕྱི་རྒྱལ་གྱི་འགོ་ཁྲིད་མི་སྣས་སྤྲོ་སྣང་ལྡན་པའི་ངང་ཕེབས་ཞོར་དུ་གཟིགས་པ་དང་ཞི་ཅིན་ཕིང་རྒྱལ་ཁབ་འགའ་ཞིག་གི་འགྲེམས་ཁང་དུ་ཕེབས་པ་རེད། ཐན་ཙན་ནི་ཡའི་ཤིང་འབྲས་ཡའོ་གོ་དང་། ཀེ་རི་སེའི་ཞིམ་ཟས་དང་སྒྱུ་རྩལ་དངོས་པོ། དབྱི་ཐ་ལིའི་རྒུན་འབྲུམ་ཨ་རག ཅ་མེ་ཁའི་ལན་ཧྲན་ཀོག་ཧྥེ་དང་ལང་མུའུ་ཨ་རག་གི་སྒོ་ངའི་བག་ལེབ། ཧིན་རྡུ་ཉི་ཞི་ཡའི་ཤིང་ཏ་ལའི་སྣུམ། ཨུ་རུ་སུའི་ཐད་འཕུར་གནམ་གྲུ་དང་རླངས་འཁོར་གསར་པ་བཅས་ལྟ་བས་མི་ངོམས་པ་ཞིག་ཡོད་པ་རེད།

    ཞི་ཅིན་ཕིང་དང་རྒྱལ་ཁབ་ཁག་གི་འགོ་ཁྲིད་མི་སྣ་མཉམ་དུ་ཀྲུང་གོའི་འགྲེམས་ཁང་དུ་ཕེབས་ཤིང་། “གསར་གཏོད་ཀྲུང་གོའི”ཚན་པའི་འབྱུང་འགྱུར་གྱི་གློག་ཤུགས་ཅན་གྱི་གནམ་གྲུའི་རྟོག་བཟོ་འདུས་གྲུབ་སྟེགས་བུར་མ་ཁེ་ལུང་གིས་སྤྲོ་སྣང་ཆེན་པོས་ཀྲུང་གོའི་ཚོང་སྤྱོད་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་ཀྱི་འདྲ་བཟོའི་ཁ་ལོ་སྒྱུར་ཁང་ནང་ཞུགས། ཀྲུང་གོ་དང་ཕྱི་རྒྱལ་གྱི་འགོ་ཁྲིད་མི་སྣས་ད་དུང་ཀྲུང་གོར་རང་བརྟེན་གྱི་ཤེས་བྱའི་བདག་དབང་ལྡན་པའི་ཁ་ཞེང་རྐྱང་པའི་འཕྲོ་གློག་རྒྱང་ཤེལ་—“ཀྲུང་གོའི་གནམ་མིག”དང་“མཚོ་གཏིང་གི་དཔའ་བོ”རྟགས་ཅན་གྱི་མི་བཞུགས་ཆུར་འཛུལ་ཡོ་ཆས་ཀྱི་དཔེ་དབྱིབས་ལ་གཟིགས་པ་རེད།

    “སྒོ་དབྱེ་ཀྲུང་གོའི”ཚན་པར་རྒྱལ་ཁབ་ཁག་གི་འགོ་ཁྲིད་མི་སྣས་ཧྲང་ཧའེ་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་དང“རྒྱུད་གཅིག་ལམ་གཅིག”འཛུཌ་སྐྲུན་བྱེད་ཚུལ་གསན་པ་རེད།

    “མཛེས་པའི་ཀྲུང་གོའི”ཚན་པར་འཛམ་གླིང་རིག་གནས་ཤུལ་བཞག“ཀྲུང་ཧྭའི་གྲོང་ཁྱེར་དང་པོ”ལང་ཀྲུའུ་གནའ་གྲོང་གནའ་ཤུལ་གྱི་བྱེ་གཞོང་སྒྲིག་གཤོམ་བྱས་ཡོད། རྒྱལ་ཁབ་ཁག་གི་འགོ་ཁྲིད་མི་སྣས་གཅིག་རྗེས་གཉིས་མཐུད་ངང་ལོ་རྒྱུས་ཡུན་རིང་ལྡན་པའི་ཀྲུང་ཧྭའི་ཤེས་དཔལ་ལ་བསྔགས་བརྗོད་ཟབ་མོ་གནང་ཡོད།

    “བདེ་སྐྱིད་ཀྲུང་གོའི”ཚན་པར་དབུལ་སྒྲོལ་འགག་སྒྲོལ་གྱི་དུས་ཚོད་ལྡོག་རྩིས་ཀྱི་བརྙན་ཤེལ་མདུན་དུ་ཞི་ཅིན་ཕིང་གིས་ཀྲུང་གོས་རྒྱལ་ཁབ་ཁག་དང་ཉམས་མྱོང་མཉམ་སྤྱོད་བྱས་ཏེ་དབུལ་ཕོངས་མེད་པ་དང་ཐུན་མོང་འཕེལ་རྒྱས་འགྲོ་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་མཉམ་དུ་བསྐྲུན་འདོད་ཡོད་ཅེས་གསུངས་པ་རེད།

    ཀྲུང་གོ་དང་ཕྱི་རྒྱལ་གྱི་འགོ་ཁྲིད་མི་སྣས་ད་དུང་ཀྲུང་གོའི་ཐའེ་དབན་དང་། ཨའོ་མོན། ཤང་ཀང་བཅས་ཀྱི་འགྲེམས་ཁུལ་དུ་གཟིགས་སྐོར་གནང་བ་རེད།

    རྒྱལ་ཁབ་ཁག་གི་འགོ་ཁྲིད་མི་སྣས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ལ་མགྲིན་གཅིག་ཏུ་ཚད་མཐོའི་གདེང་འཇོག་གནང་བ་དང་ད་ཐེངས་ཀྱི་དངོས་མང་སྟོན་ཚོགས་དེ་གོ་སྐབས་སུ་བྱས་ནས་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་གནང་ཡོད། ཁོང་རྣམ་པས་ཀྲུང་གོའི་འཕེལ་རྒྱས་དང“རྒྱུད་གཅིག་ལམ་གཅིག”གི་མདུན་ལམ་ཡག་པོར་གཟིགས་ཚུལ་བཟང་པོ་འཛིན་ནས་ཀྲུང་གོ་དང་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་རྒྱུའི་རེ་བ་གནང་གི་ཡོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།