[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གོའི་དམག་མིའི་རུ་ཁག་གིས་ཝུའུ་ཧན་དམག་མིའི་ལུས་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ཐོག་མ་དེ་བླངས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-21

    671684_yis_1571546948370.jpg

    འདི་ནི་ཟླ་10ཚེས་19ཉིན། ཀྲུང་གོའི་རུ་ཁག་གི་བདམས་ཐོན་པ་ཅིང་ཡུང་ཏེས(དཀྱིལ)དང་། ཞེ་ཀྲེན་ཞང(གཡོན) ཡའོ་ཀྲའོ་ནན་བཅས་ཀྱི་བྱ་དགའ་སྤྲོད་པའི་མཛད་སྒོར་ཞུགས་པའི་གནས་ཚུལ་ཡིན་པ།

    ཤིན་ཧྭ་གསར་འགྱུར་ཁང་ཝུའུ་ཧན་ནས་ཟླ་10ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཚེས་19ཉིན། འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་སྐབས་བདུན་པ་འགོ་ཚུགས་ནས་འགྲན་བསྡུར་གྱི་ཉིན་མོ་དང་པོ་བསུས་ཤིང་། སྐྱེས་པའི་སྨི་25ཡི་ལག་མདའི་དམག་དོན་མྱུར་འཕེན་ཚོགས་པའི་མཐའ་བསྡུར་ལ་བརྒྱད་གཅིག་མེ་མདའ་ཚ་ཁའི་རུ་ཁག་གི་རུ་དཔོན་གཞོན་པ་དང་རྩལ་ཁྲིད་པ་གཅིག་ལྕོགས་ཅིང་ཡུང་ཏེས་སྣེ་ཁྲིད་པའི་ཀྲུང་གོའི་རུ་ཁག་ལ་ཚོགས་པའི་ཨང་དང་པོ་ཐོབ་པ་རེད། དེ་ནི་འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་སྐབས་བདུན་པའི་གསེར་གྱི་རྟགས་མ་ཐོག་མ་དེ་རེད།

    ཉིན་དེའི་སྔ་དྲོར། འགོ་ཚུགས་པའི་འགྲན་བསྡུར་ཧ་ཅང་ཛ་དྲག་པོ་ཡོད་ཅིང་། ཚོགས་ཆུང་དང་པོའི་འགྲན་བསྡུར་ལ་ཀྲུང་གོའི་རུ་ཁག་གི་རུ་མི་རྒན་གྲས་ཞེ་ཀྲེན་ཞང་གིས་ཆུ་ཚད་བརྟན་པོ་ངོམས་ཀྱང་། ཧྥ་རན་སེའི་བདམས་ཐོན་པ་ཚོགས་ཆུང་གི་ཨང་དང་པོར་སླེབས་ཡོད། ཚོགས་ཆུང་གཉིས་པའི་འགྲན་བསྡུར་འགོ་ཚུགས་རྗེས་ཅིང་ཡུང་ཏེས་གྲ་སྒྲིག་དང་གདེང་ཚོད་ཡོད་པའི་སྒོ་ནས་སྐར་མ་583བླངས་ཀྱང་། ཡུག་རེན་གྱི་བདམས་ཐོན་པས་རྩལ་ཡག་པོ་ངོམས་ཏེ་སྐར་ཆ་8ཀྱི་མྱུར་འཕེན་ལ་སྐར་མ་གཅིག་ལས་ཤོར་མེད། ཚོགས་ཆུང་གསུམ་པའི་འགྲན་བསྡུར་འགོ་ཚུགས་པའི་མེ་མདའི་སྒྲ་བསྒྲགས་མ་ཐག “95པའི་ནང་སྐྱེས”རུ་མི་གཞོན་གྲས་ཡའོ་ཀྲའོ་ནན་གྱིས་མེ་མདའ་རྒྱག་རྩལ་རྩེ་གྲ་ངོམས་ཏེ་མདུན་གྱི་མདེའུ་10བརྒྱབ་པར་སྐར་མ་97གྱི་འབྲས་བཟང་བླངས། དེ་དུས་འགྲན་བསྡུར་བྱ་ཡུལ་གྱི་བརྙན་ཤེལ་ཆེན་པོར་དུས་བསྟུན་གྱི་སྤྱིའི་གྲུབ་འབྲས་ཀྱི་བང་རིམ་ཐོག་མར་ཐོན་པ་དང་། མདུན་གྲལ་ཚོགས་ཆུང་ཁག་དབར་ཧེ་བག་ཕྲན་བུ་ཙམ་ལས་མེད་པས་འགྲན་རའི་རྣམ་པ་གློ་བུར་དུ་ཧ་ཅང་འཁྲུག་ཆ་དོད་པོར་གྱུར། དེ་རྗེས་བང་རིམ་གྱི་མདུན་གྱི་ཨང་གསུམ་པའི་སྤྱིའི་གྲུབ་འབྲས་སྔ་བར་ཕྱི་གསུམ་དུ་ཧེ་བག་ཆེན་པོ་ཆོད་མེད། མཐར་ཞེ་ཀྲེན་ཞང་དང་། ཅིང་ཡུང་ཏེ། ཡའོ་ཀྲའོ་ནན་བཅས་ལས་གྲུབ་པའི་ཀྲུང་གོའི་རུ་ཁག་གིས་སྐར་གྲངས་1747གྱི་སྤྱིའི་གྲུབ་འབྲས་ལ་བརྟེན་ནས་སྐབས་འདིའི་འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ཐོག་མ་དེ་བླངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།