[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུ་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་པ།

    ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ། ལི་ཁེ་ཆང་གིས་སྣེ་ལེན་ཚོགས་འདུ་གཙོ་སྐྱོང་གནང་བ། ལི་ཀྲན་ཧྲུའུ་དང་། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་བཅས་ཕེབས་པ།

  • ཡོང་ཁུངས།   མི་དམས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-01

    666231_yis_1569865352423.jpg

    ཟླ་9ཚེས་30ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་སྣེ་ལེན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

    666232_yis_1569865352793.jpg

    ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ཀྲུང་གོ་དང་ཕྱི་རྒྱལ་གྱི་མི་སྣ་4000ལྷག་ཙམ་དང་དགའ་འཛོམས་གནང་སྟེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་ཐུན་མོང་ཐོག་རྟེན་འབྲེལ་ཞུས་པ།

    ཚེས་30ཉིན་གྱི་དགོང་མོ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུ་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་སྣེ་ལེན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཁོང་གིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ང་ཚོས་མཐུན་སྒྲིལ་གྱི་དར་ཆ་མཐོན་པོར་བསྒྲེངས་ཏེ། ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོ་སྲ་བརྟན་དུ་གཏོང་བ། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གི་མཐུན་སྒྲིལ་ཆེ་མོར་ཤུགས་སྣོན་རྒྱག་པ། ཏང་ཤོག་ཁག་དང་། ཚོགས་པ་ཁག མི་རིགས་ཁག རིམ་གྲས་ཁག དེ་བཞིན་ཕྱོགས་ཁག་བཅས་ཀྱི་མཐུན་སྒྲིལ་ཆེ་མོ་ཟབ་ཏུ་གཏོང་བ། ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱེད་པ། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། ཞུམ་མེད་མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་གྲུ་ཆེན་གྱིས་རླུང་བརྟེན་རླབས་གཤག་བྱེད་པ་དང་གྲུ་གཡོར་བསྒྲེངས་ནས་རྒྱང་སྐྱོད་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད། 

    ལི་ཁེ་ཆང་གིས་སྣེ་ལེན་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ལི་ཀྲན་ཧྲུའུ་དང་། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་བཅས་སྣེ་ལེན་ཚོགས་འདུར་ཕེབས་པ། ཀྲུང་གོ་དང་ཕྱི་རྒྱལ་གྱི་མི་སྣ་4000ལྷག་ཙམ་ལྷན་དུ་དགའ་འཛོམས་གནང་སྟེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་ཐུན་མོང་ཐོག་རྟེན་འབྲེལ་ཞུས་པ་རེད། 

    གློག་འོད་ཆེམ་ཆེམ་དུ་འཕྲོ་ཞིང་མེ་ཏོག་སོས་པའི་དྲི་ཞིམ་གང་སར་འཐུལ་བའི་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་ནང་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་བའི་དུས་ཆེན་གྱི་རྣམ་པས་ཁེངས། ཀྲུའུ་ཞི་སྡིངས་ཆའི་དབུས་སུ་བརྗིད་ཉམས་ལྷག་པར་ཆེ་བའི་རྒྱལ་རྟགས་བཀལ་ཞིང་། “1949—2019”ཞེས་པའི་ལོ་རྟགས་དེ་དར་དམར་གྱི་བཀྲག་མདངས་འོག་དེ་བས་ཀྱང་མངོན་གསལ་དོད་པོ་ཞིག་ཏུ་མངོན། 

    ཆུ་ཚོད་17དང་སྐར་མ་30ཙམ་དུ། སྤྲོ་བ་རབ་ཏུ་འཕེལ་བའི《མགྲོན་བསུའི་རོལ་དབྱངས》ཁྲོད་དུ་ཞི་ཅིན་ཕིང་སོགས་གསོལ་སྟོན་ཚོམས་ཆེན་དུ་ཕེབས་སྐབས་ཚང་མས་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད། 

    སྣེ་ལེན་ཚོགས་འདུ་འགོ་ཚུགས་ཤིང་། ཚང་མས་ཡར་བཞེངས་ཏེ་སྐད་གསང་མཐོན་པོས་རྒྱལ་གླུ་བླངས། བརྗིད་ཉམས་ཆེ་བའི《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》ཀྱི་བྲག་ཅ་ཚོམས་ཆེན་ཡོངས་སུ་འཁོར། 

    དུང་བརྡ་གསང་པོའི་ཁྲོད་དུ་ཞི་ཅིན་ཕིང་ཀྲུའུ་ཞི་སྡིངས་ཆའི་ཐོག་ཕེབས་ནས་གསུང་བཤད་གལ་ཆེན་གནང་ཞིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ཏེ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་གུང་ཁྲན་ཏང་ཡོན་ཡོངས་དང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག དམངས་གཙོའི་ཏང་ཤོག་ཁག་དང་ཏང་ཤོག་གང་ལའང་མ་གཏོགས་པའི་མི་སྣ་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུས་པ་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། སྤུན་ཟླ་ཐའེ་དབན་བ། རྒྱ་ཆེའི་ཕྱིར་སྡོད་རང་མི་བཅས་ལ་བྱམས་བརྩེའི་འཚམས་འདྲི་གནང་བ། དེ་བཞིན་ཀྲུང་གོ་གསར་པ་འཛུགས་སྐྲུན་གྱི་བྱ་གཞག་ལ་རྒྱབ་སྐྱོར་དང་རོགས་རམ་གནང་མཁན་མཛའ་གྲོགས་རྒྱལ་ཁབ་དང་རྒྱལ་སྤྱིའི་མི་སྣ་བཅས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། 

    ཞི་ཅིན་ཕིང་གིས་གསུང་བཤད་གནང་རིང་། ལོ་ངོ་70ཡི་རིང་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་གོ་མི་དམངས་ཀྱིས་དཔའ་ངར་ཞུམ་མེད་ངང་འཚོལ་ཞིབ་དང་ལག་ལེན་ཟམ་མི་ཆད་པར་བསྟར་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྲུབ་འབྲས་ཐོབ་པའི་ངང་བཏོད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པར་སྐུལ་འདེད་བཏང་བ་ལས། ཀྲུང་གོ་འདི་ཉིད་གོམ་ཞེང་ཆེན་པོས་དུས་རབས་ཀྱི་རྗེས་སྙེགས་ཐུབ་པ་དང་ཀྲུང་གོ་མི་དམངས་རྣམས་བློ་སྟོབས་ཆེར་སྐྱེད་ཀྱིས་དུས་རབས་ཀྱི་མདུན་གྲལ་དུ་སླེབས་ཡོད། ལོ་ངོ་70ཡི་རིང་ཀྲུང་གོ་མི་དམངས་ཀྱིས་བརྩོན་འགྲུས་ཆེར་སྐྱེད་དང་དཀའ་སྤྱད་ལས་གཏོད་བྱས་ཏེ། “སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི”གྲུབ་འབྲས་བཏོད་པ་དང་། ལོ་ངོ་སྟོང་ཕྲག་མང་པོའི་རིང་ཀྲུང་ཧྭ་མི་རིགས་ལ་འཕྲད་པའི་དབུལ་པོ་དབུལ་རྐྱང་གི་གནད་དོན་ལ་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་ཐག་གཅོད་བྱུང་སྟེ་མིའི་རིགས་ཀྱི་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་གི་རླབས་ཆེའི་ངོ་མཚར་བཏོད་ཡོད། ལོ་ངོ་70ཡི་རིང་ཀྲུང་གོ་མི་དམངས་ཀྱིས་རང་ཚུགས་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་ལག་ལེན་བསྟར་ཏེ། ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུ་མཐའ་འཁྱོངས་དང་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་ཡི་རྨང་གཞིའི་ཐོག་རྒྱལ་ཁབ་ཁག་དང་མཛའ་གྲོགས་མཉམ་ལས་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པ་དང་། མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་ན་མེད་པའི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཀྲུང་ཧྭ་མི་རིགས་ཀྱིས་ཡར་ལངས་ཕྱུག་འགྱུར་ནས་སྟོབས་ཆེན་བར་གྱི་རླབས་ཆེའི་མཆོང་སྐྱོད་བསུས་པ་དང་རླབས་ཆེའི་བསྐྱར་དར་མངོན་དུ་འགྱུར་བའི་འོད་ཟེར་སྟོང་ལྡན་གྱི་མདུན་ལམ་བསུས་ཡོད་ཅེས་བསྟན་གནང་བ་རེད། 

    ཞི་ཅིན་ཕིང་གིས། མཐུན་སྒྲིལ་ནི་ལྕགས་དང་། མཐུན་སྒྲིལ་ནི་ངར་ལྕགས། མཐུན་སྒྲིལ་ནི་སྟོབས་ཤུགས་བཅས་ཡིན། མཐུན་སྒྲིལ་ནི་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་མདུན་སྐྱོད་ལམ་བུའི་ཐོག་གི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་བ་དང་། རྒྱལ་ཁ་ནས་རྒྱལ་ཁ་གསར་པའི་ཕྱོགས་སུ་རྒྱུན་ཆད་མེད་པར་སྐྱོད་པའི་འགན་ལེན་གལ་ཆེན་ཞིག་ཡིན་ཞེས་ནན་བཤད་གནང་བ་རེད། 

    ཞི་ཅིན་ཕིང་གིས། ང་ཚོས་མུ་མཐུད“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཤང་ཀང་བས་ཤང་ཀང་བཅོས་སྐྱོང”“ཨའོ་མོན་བས་ཨའོ་མོན་བཅོས་སྐྱོང”ཚད་མཐོའི་རང་སྐྱོང་བཅས་ཀྱི་མཛད་ཇུས་ཕྱོགས་ཡོངས་དང་ཡང་དག་ངང་ལག་ལེན་བསྟར་ཏེ། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལ་ནན་པོར་གཞིགས་ནས་བྱ་བ་སྒྲུབ་དགོས། མེས་རྒྱལ་གྱི་ནུས་ཤུགས་ཡོད་རྒུའི་རྒྱབ་སྐྱོར་དང་རྒྱལ་གཅེས་དང་། ཤང་གཅེས། ཨའོ་གཅེས་བཅས་ཀྱི་རྒྱ་ཆེའི་སྤུན་ཟླ་ཚོའི་ཐུན་མོང་གི་འབད་བརྩོན་ཡོད་ཚེ་ཤང་ཀང་དང་ཨའོ་མོན་མེས་རྒྱལ་ནང་ས་དང་ཐུན་མོང་ཐོག་ཡར་རྒྱས་གོང་འཕེལ་ཡོང་ངེས་ཡིན་ལ། འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད། ང་ཚོས་ཀྲུང་གོ་གཅིག་གི་རྩ་དོན་དང“གོ་གཉིས་ཐུན་མོང་ངོས་འཛིན”མཐའ་འཁྱོངས་བྱེད་པ་དང་། ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ངོགས་གཉིས་ཀྱི་དཔལ་འབྱོར་དང་རིག་གནས་ཀྱི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་ངོགས་གཉིས་ཀྱི་སྤུན་ཟླར་བདེ་སྐྱིད་སྐྲུན་དགོས། མེས་རྒྱལ་རྦད་དེ་གཅིག་གྱུར་ཡོང་བར་བྱ་རྒྱུ་ནི་དུས་རབས་ཀྱི་འཕེལ་ཕྱོགས་དང་། དོན་གྱི་སྙིང་པོ། དམངས་སེམས་ཕྱོགས་ས་བཅས་ཡིན་པས། མི་སུ་འདྲ་ཞིག་དང་སྟོབས་ཤུགས་གང་འདྲ་ཞིག་གིས་ཀྱང་བཀག་འགོག་བྱེད་ཐབས་བྲལ་ཡོད་ཅེས་བསྟན་གནང་བ་རེད། 

    ཞི་ཅིན་ཕིང་གིས། ང་ཚོས་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཁེ་བཅས་ཀྱི་དར་ཆ་མཐོན་པོར་སྒྲེང་བ་དང་། བློ་བརྟན་འགྱུར་མེད་ངང་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་པ། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱུ་མཐའ་འཁྱོངས་བྱེད་པ་བཅས་བྱས་ཏེ། འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་དང་མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་བཏང་ནས་ཞི་བདེ་དང་འཕེལ་རྒྱས་ཀྱི་ཉི་འོད་གོ་ལ་ཡོངས་སུ་འཕྲོ་བར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། 

    ཞི་ཅིན་ཕིང་གིས། “ཀྲུང་གོ་མི་དམངས་ནི་རླབས་ཆེན་གྱི་མི་དམངས་དང་། ཀྲུང་ཧྭ་མི་རིགས་ནི་རླབས་ཆེན་གྱི་མི་རིགས། ཀྲུང་ཧྭའི་ཤེས་དཔལ་ནི་རླབས་ཆེན་གྱི་ཤེས་དཔལ་བཅས་ཡིན། ལོ་རྒྱུས་ཀྱིས་འབྱུང་འགྱུར་གྱི་ལམ་སྟོན་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་ནམ་ཡང་ཚར་དུས་མེད། ལོ་ངོ་5000ལྷག་ཙམ་གྱི་ཤེས་དཔལ་གྱི་ལོ་རྒྱུས་ལྡན་པ་དང་ཀྲུང་གོ་གསར་པའི་ལོ་ངོ་70ཡི་རླབས་ཆེན་གྱི་གྲུབ་འབྲས་གཏོད་མཁན་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱིས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་སྒྲུབ་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་དེ་བས་གསར་ལ་དེ་བས་མཛེས་སྡུག་ལྡན་པའི་དུས་རབས་ཀྱི་ལེའུ་རྩོམ་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད”ཅེས་ནན་བཤད་གནང་བ་རེད། 

    དགའ་སྤྲོ་འཁོལ་ལ་སྙན་འཇེབས་ལྡན་པའི་རོལ་དབྱངས་ཁྲོད། ཀྲུང་ཕྱིའི་སྐུ་མགྲོན་དང་གྲོགས་པོ་ཚོས་ཞལ་དཀར་བཀྱགས་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་མཉམ་དུ་རྟེན་འབྲེལ་ཞུས་པ་མ་ཟད། ཀྲུང་གོ་སྔར་བས་དར་རྒྱས་སྟོབས་འབྱོར་ལྡན་པ་དང་། ཀྲུང་གོ་དང་འཛམ་གླིང་རྒྱལ་ཁབ་ཁག་གི་མཛའ་གྲོགས་ཡུན་ནས་ཡུན་དུ་གནས་པ། བདེ་སྐྱིད་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་ཐུབ་པ་བཅས་ཀྱི་བཀྲ་ཤིས་སྨོན་འདུན་ཡང་ཞུས་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།