[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)དར་མ་དང་གཞོན་ནུ་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་འགོ་ཚུགས་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-05

    657792_yis_1567572469891.jpg

    ཟླ་9ཚེས་3ཉིན། 2019ལོའི་སྟོན་ཁའི་སློབ་དུས་ཀྱི་ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)དར་མ་དང་གཞོན་ནུ་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཀྲུང་དབྱང་ཏང་གི་སློབ་གྲྭར་གཉེར་འགོ་ཚུགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་འགོ་ཚུགས་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཚེས་3ཉིན་གྱི་སྔ་དྲོར། 2019ལོའི་སྟོན་ཁའི་སློབ་དུས་ཀྱི་ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)དར་མ་དང་གཞོན་ནུ་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཀྲུང་དབྱང་ཏང་གི་སློབ་གྲྭར་གཉེར་འགོ་ཚུགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་འགོ་ཚུགས་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་སྟེ། རྒྱ་ཆེའི་ལས་བྱེད་པ་དང་ལྷག་པར་དུ་གཞོན་ནུ་ལས་བྱེད་པ་ཚོར་བསམ་བློའི་ཚོད་བགམ་ནན་པོ་དང་། ཆབ་སྲིད་ཀྱི་ཞུན་བརྡར་ནན་པོ། ལག་ལེན་གྱི་སྦྱོང་བརྡར་ནན་པོ་བཅས་ཐེག་པ་བྱེད་དགོས་ཤིང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་བཏང་ནས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་འགོ་ཚུགས་མཛད་སྒོར་ཕེབས་པ་རེད།

    ཞི་ཅིན་ཕིང་གིས་བསྟན་གནང་དོན། མར་ཁེ་སི་རིང་ལུགས་ཐོན་པ་དང་འཕེལ་རྒྱས་བྱུང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་དབུ་བརྙེས་པ་དང་འཕེལ་རྒྱས་བྱུང་བའི་ལོ་རྒྱུས་ནི་འཐབ་རྩོད་གྲངས་ལས་འདས་པ་བྱས་པའི་དཀའ་སྤྱད་ཀྱི་ལོ་རྒྱུས་ཤིག་རེད། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ། སྒྱུར་བཅོས་སྒོ་དབྱེ་བྱས་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་སྐུལ་འདེད་བཏང་བ་ཚང་མ་ནི་འཐབ་རྩོད་ཀྱི་ཁྲོད་དུ་དབུ་བརྙེས་པ་དང་། འཐབ་རྩོད་ཀྱི་ཁྲོད་དུ་འཕེལ་རྒྱས་བྱུང་བ། འཐབ་རྩོད་ཀྱི་ཁྲོད་དུ་སྟོབས་ཆེར་སོང་བ་ཤ་སྟག་རེད། དེང་དུས་ཀྱི་འཛམ་གླིང་འདི་ཉིད་ལོ་བརྒྱར་འཕྲད་མྱོང་མེད་པའི་འཕོ་འགྱུར་ཆེན་པོའི་ཁྲོད་གནས་ཤིང་། རང་རེའི་ཏང་གིས་འགོ་ཁྲིད་པའི་རླབས་ཆེན་གྱི་འཐབ་རྩོད་དང་། རླབས་ཆེན་གྱི་འདུ་འགོད། རླབས་ཆེན་གྱི་བྱ་གཞག རླབས་ཆེན་གྱི་ཕུགས་འདུན་བཅས་ཚ་ཚ་འུར་འུར་ངང་སྒྲུབ་བཞིན་ཡོད། སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་ཤིན་ཏུ་ལྕི་ཤིང་ང་ཚོར་ཐོབ་པར་དཀའ་བའི་ལོ་རྒྱུས་ཀྱི་གོ་སྐབས་ཤིག་འཕྲད་ཡོད་ལ་ཉེན་ཁ་དང་ཚོད་བགམ་ཆེན་པོའང་རབ་དང་རིམ་པ་འཕྲད་བཞིན་ཡོད། རང་རེའི་ཏང་གིས་གཏན་ལ་ཕབ་པའི་དམིགས་ཚད་དང་ལས་འགན་རྒྱལ་ཁའི་ངང་ལེགས་སྒྲུབ་བྱེད་པར་ངེས་པར་དུ་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་དགོས་ཀྱི་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ནི་དལ་དལ་ལྷོད་ལྷོད་བྱས་པ་དང་རྔ་རྡུང་དར་འཕྱར་བྱས་པ་ཙམ་གྱིས་མངོན་འགྱུར་ཐུབ་པ་ཞིག་གཏན་ནས་མིན། རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་དགོས་ན་ངེས་པར་དུ་རླབས་ཆེན་གྱི་འཐབ་རྩོད་བྱེད་དགོས། མདུན་སྐྱོད་ཀྱི་ལམ་བུའི་ཐོག་ང་ཚོར་འཕྲད་པའི་ཉེན་ཁ་དང་ཚོད་བགམ་ཇེ་ཆེར་འགྲོ་ངེས་ཡིན་ལ། ཐ་ན་བསམ་ཡུལ་ལས་འདས་པའི་དཀའ་ངལ་སྣ་ཚོགས་ཀྱང་འཕྲད་ངེས་ཡིན། ང་ཚོར་འཕྲད་པའི་འཐབ་རྩོད་སྣ་ཚོགས་ནི་དུས་ཐུང་མིན་པར་ཡུན་རིང་ཡིན་པ་དེ། ཉུང་མཐར་ཡང་ང་ཚོས་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ཧྲིལ་པོའི་བར་འཕྲད་རྒྱུ་རེད། ངེས་པར་དུ“འདུ་ཤེས་བཞི”ཟབ་ཏུ་དང་། “གདེང་ཚོད་བཞི”བརྟན་དུ། “སྲུང་སྐྱོང་གཉིས”ཐུབ་པ། འཐབ་རྩོད་ཀྱི་འདུ་ཤེས་བརྟན་དུ་གཏོང་བ་བཅས་བྱེད་དགོས་ཤིང་། ཛ་དྲག་ཆེ་བའི་དུས་བབ་དང་འཐབ་རྩོད་ཀྱི་ལས་འགན་གྱི་མདུན་དུ། བློ་རྩ་བརྟན་པོས་ཕར་རྒོལ་བྱེད་ཕོད་པ་བྱེད་ལ་འཐབ་རྩོད་བྱས་པར་རྒྱལ་ཁའང་ཐོབ་པ་བྱེད་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། གུང་ཁྲན་ཏང་མིའི་འཐབ་རྩོད་ནི་ཁ་ཕྱོགས་དང་། ལངས་ཕྱོགས། རྩ་དོན་བཅས་ཡོད་པ་ཞིག་ཡིན་ཞིང་། ཁ་ཕྱོགས་ཆེན་པོ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ལ་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་བྱ་རྒྱུ་དེ་ཡིན། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ལ་གནོད་འཚེ་གཏོང་བའི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་དང་། རང་རྒྱལ་གྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་གནོད་འཚེ་གཏོང་བའི་ཉེན་ཁ་དང་འགྲན་སློང་སྣ་ཚོགས། རང་རྒྱལ་གྱི་ལྟེ་བའི་ཁེ་ཕན་དང་རྩ་དོན་གལ་ཆེན་ལ་གནོད་འཚེ་གཏོང་བའི་ཉེན་ཁ་དང་འགྲན་སློང་སྣ་ཚོགས། རང་རྒྱལ་མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་ཉེན་ཁ་དང་འགྲན་སློང་སྣ་ཚོགས། རང་རྒྱལ་གྱིས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་གནོད་འཚེ་གཏོང་བའི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་བཅས་འཕྲད་ཕྱིན་ང་ཚོས་ངེས་པར་དུ་འཐབ་རྩོད་མཐའ་གཅིག་ཏུ་བྱེད་དགོས་པ་མ་ཟད། འཐབ་རྩོད་ལ་རྒྱལ་ཁའང་ངེས་པར་དུ་ལེན་དགོས། ང་ཚོས་རིག་པ་ཧ་ཅང་དྭངས་གསལ་དང་ལངས་ཕྱོགས་ཧ་ཅང་བརྟན་པོ་ཡོང་བར་བྱེད་པ་དང་འཐབ་རྩོད་ཀྱི་ཁ་ཕྱོགས་ཡང་དག་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས་འཐབ་རྩོད་ཀྱི་ཚོད་བགམ་ཆེན་པོ་སྣ་ཚོགས་ཀྱི་མདུན་དུ“ཆུ་འཛིན་སྟུག་པོས་འདྲེན་བྱེད་སྒྲིབ་དོགས་ཅི”དང“འཕོ་འགྱུར་ཆེ་ཡང་སྔར་བཞིན་ལྷིང་པོར་གནས”ཐུབ་པ་བྱེད་དགོས།

    ཞི་ཅིན་ཕིང་གིས་བསྟན་གནང་དོན། ང་ཚོ་གུང་ཁྲན་ཏང་མིའི་འཐབ་རྩོད་ནི་སྔར་ནས་ད་བར་འགལ་ཟླ་དང་། གནད་དོན། ཉེན་ཁ། འགྲན་སློང་བཅས་ལ་དམིགས་ནས་བྱེད་པ་ཞིག་ཡིན། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་རང་རྒྱལ་གྱི་འཕེལ་རྒྱས་འདི་ཉིད་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ཟམ་མི་ཆད་པར་ཕུང་གསོག་ཐེབས་པ་དང་ཐ་ན་གཅིག་སྡུད་ཐོག་མངོན་པའི་དུས་སྐབས་སུ་སླེབས་ནས་འཐབ་རྩོད་ཆེན་པོ་མི་ཉུང་བ་ཞིག་འཕྲད་རྒྱུ་ཡིན་ཞིང་། དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། སྣོད་བཅུད་ཤེས་དཔལ་བཅས་འཛུགས་སྐྱོང་དང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་། ཀང་ཨའོ་ཐའེ་གསུམ་གྱི་ལས་དོན། ཕྱི་འབྲེལ་ལས་དོན། ཏང་འཛུགས་སྐྱོང་སོགས་ཐད་འཐབ་རྩོད་ཆེན་པོ་འཕྲད་རྒྱུ་མ་ཟད། རྙོག་འཛིང་ཡང་ཇེ་ཆེར་འགྲོ་རྒྱུ་རེད། དེས་ན་འགོ་ཁྲིད་ལས་བྱེད་པས་དུས་ཀྱི་འགྱུར་བ་ཆུང་ངུ་ལས་སྤྱི་ཚོགས་འཕེལ་འགྲིབ་ངང་གིས་རྟོགས་པའི་ནུས་པར་བརྟེན་ནས་མངོན་མེད་ཀྱི་ཉེན་ཁར་ཚན་རིག་དང་མཐུན་པའི་སྔོན་དཔག་དང་བརྡར་ཤ་བཅད་དེ། ཉེན་ཁ་གང་དུ་ཡོད་མིན་དང་། ཉེན་ཁ་ཆེ་ཆུང་གང་འདྲ་ཡོད་མེད། འཕེལ་ཕྱོགས་གང་འདྲ་ཡིན་མིན་བཅས་ཤེས་པར་བྱས་ནས་འཐབ་རྩོད་བྱེད་དགོས་རིགས་ལ་འཐབ་རྩོད་བྱེད་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འཐབ་རྩོད་ནི་སྒྱུ་རྩལ་ཞིག་ཡིན་པས་འཐབ་རྩོད་བྱེད་མཁས་པོ་བྱེད་དགོས། འཐབ་རྩོད་ཆེན་པོ་སྣ་ཚོགས་བྱེད་རིང་ང་ཚོས་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་དང་འཐབ་ཇུས་ཀྱི་ངེས་གནས་རྒྱུན་འཁྱོངས་བྱ་རྒྱུ་གཉིས་ཕན་ཚུན་གཅིག་གྱུར་དང་། འཐབ་ཇུས་ཀྱི་རྣམ་པའི་ཐོག་ནས་བརྡར་ཤ་གཅོད་རྒྱུ་དང་འཐབ་རྩལ་གྱི་རྣམ་པའི་ཐོག་ནས་ཐག་གཅོད་རྒྱུ་གཉིས་ཕན་ཚུན་གཅིག་གྱུར། འཐབ་རྩོད་ཀྱི་བརྒྱུད་རིམ་དང་འཐབ་རྩོད་ཀྱི་ཕན་འབྲས་གཉིས་ཕན་ཚུན་གཅིག་གྱུར་བཅས་ཡོང་རྒྱུ་མཐའ་འཁྱོངས་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བ་དང་མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བྱས་ཏེ། བསྐོང་ན་འཛོམས་ཐུབ་པ་དང་། འཛོམས་ན་འཐབ་ཐུབ་པ། འཐབ་ན་རྒྱལ་ངེས་པ་བཅས་བྱེད་དགོས།

    ཞི་ཅིན་ཕིང་གིས་བསྟན་གནང་དོན། ཐབས་ཇུས་དང་ཐབས་ཤེས་ལ་སྣང་ཆེན་གྱིས་འཐབ་རྩོད་ཀྱི་སྒྱུ་རྩལ་ལ་དང་དོད་བྱེད་དགོས་ཤིང་། འགལ་ཟླ་གཙོ་བོར་དམ་འཛིན་དང་འགལ་ཟླའི་གཙོ་བོའི་ཕྱོགས་ལ་དམ་འཛིན་བྱེད་པ་དང་། རང་སྲུང་དང་། རྒྱལ་ཁ། ཚོད་འཛིན་བཅས་མཐའ་འཁྱོངས་བྱེད་པ། ལུགས་མཐུན་ངང་འཐབ་རྩོད་བྱེད་སྟངས་གདམ་ག་དང་འཐབ་རྩོད་ཀྱི་གནད་འགག་ཁོང་དུ་ཆུད་པར་བྱེད་པ་བཅས་ཀྱི་ཐོག་ནས་རྩ་དོན་གྱི་གནད་དོན་ཐད་གོམ་པ་གང་ཡང་ཕྱིར་བཤོལ་མི་བྱེད་པ་དང་ཐབས་ཇུས་ཀྱི་གནད་དོན་ཐད་གང་འགབ་ཅི་སྤྱོད་བྱེད་དགོས། དུས་བབ་ཀྱི་དགོས་མཁོར་གཞིགས་ཏེ་གོ་སྐབས་དང་། ཚད་གཞི། ཕན་འབྲས་བཅས་ཁོང་དུ་ཆུད་པར་བྱས་ནས་འཐབ་རྩོད་ཀྱི་ཐབས་ཇུས་དུས་ཐོག་ཏུ་ལེགས་སྒྲིག་བྱེད་དགོས། མཐུན་སྒྲིལ་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་བྱེད་པ་དང་དགེ་མཚན་ལྡན་པའི་གཞི་རྒྱུ་ཡོད་ཚད་སྐོང་འཐེན་བྱས་ཏེ། འཐབ་རྩོད་བྱེད་རིང་མཐུན་སྒྲིལ་གང་ཐུབ་དང་། འཐབ་རྩོད་བྱེད་རིང་མཉམ་ལས་དོན་གཉེར། འཐབ་རྩོད་བྱེད་རིང་གཉིས་ཁེ་གཉིས་ཕན་བཅས་ཡོང་བར་བྱེད་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འཐབ་རྩོད་ཀྱི་སྙིང་སྟོབས་དང་འཐབ་རྩོད་ཀྱི་འཇོན་ཐང་ནི་ལྷན་སྐྱེས་ཤིག་མིན། འགོ་ཁྲིད་ལས་བྱེད་པས་བསམ་བློའི་ཚོད་བགམ་ནན་པོ་དང་། ཆབ་སྲིད་ཀྱི་ཞུན་བརྡར་ནན་པོ། ལག་ལེན་གྱི་སྦྱོང་བརྡར་ནན་པོ་བཅས་ཐེག་ཐུབ་པ་དང་རྙོག་འཛིང་ཆེ་ལ་ཛ་དྲག་པའི་འཐབ་རྩོད་ཁྲོད་དཀའ་སྡུག་མྱོང་ལེན་དང་། མཐོང་ཐོས་ཉམས་ལེན། ལུས་སྟོབས་རྒྱས་ཐབས་བཅས་བྱས་ཏེ་མེ་དཔུང་དྲག་པོའི་ཁྲོད་ཀྱི་གསེར་བཙོ་མར་དངོས་འབྲེལ་འགྱུར་བ་བྱེད་དགོས། ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་ལ་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་བྱེད་པ་དང་། མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། ཐབས་ཤེས་བཅས་ཁོང་དུ་ཆུད་པར་བྱེད་པ། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པའི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་བ། རིགས་པའི་གཞུང་ལུགས་ཐད་རིག་པ་དྭངས་གསལ་ཡོང་བ་བཅས་བྱས་ན། ཆབ་སྲིད་ཐད་གཞི་ནས་བརྟན་པོ་ཡོང་ཐུབ་ལ་འཐབ་རྩོད་བྱེད་སྐབས་གཞི་ནས་གདེང་ཚོད་དང་སྟོབས་ཤུགས་འཕེལ་ཐུབ། འཐབ་རྩོད་ཆེན་པོའི་ཁྲོད་ཞུན་བརྡར་སྤྲོས་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། དཀའ་ངལ་ཇི་ཙམ་ཆེ་བ་དང་འགལ་ཟླ་ཇི་ཙམ་མང་བའི་ས་ཁུལ་དང་། དུས་བབ་ཇི་ཙམ་ཛ་དྲག་པ་དང་གནས་ཚུལ་ཇི་ཙམ་རྙོག་འཛིང་ཆེ་བའི་དུས་སྐབས་སུ་དེ་ཙམ་གྱིས་བློ་ཁོག་དང་། སྙིང་རུས། འཇོན་ཐང་བཅས་ཆེ་རུ་གཏོང་ཐུབ་རྒྱུ་རེད། འགོ་ཁྲིད་ལས་བྱེད་པས་རང་འགུལ་ངང་འཐབ་རྩོད་སྣ་ཚོགས་ཁྲོད་དུ་ཞུགས་ཏེ་ཡིན་མིན་ཆེན་པོའི་མདུན་དུ་རལ་གྲི་གཤོམ་ཕོད་པ་དང་། འགལ་ཟླ་དང་གདོང་གཏུག་གི་མདུན་དུ་དཀའ་ངལ་སྔུན་བསུ་ཕོད་པ། ཉེན་ཁ་དང་དཀའ་ངལ་གྱི་མདུན་དུ་དཔའ་ངར་ཆེན་པོས་དོན་ཕོད་པ། བྱ་ངན་སྤྱོད་ངན་མདུན་དུ་མཐའ་གཅིག་ཏུ་འཐབ་རྩོད་བྱེད་ཕོད་པ་བཅས་དགོས།

    ཞི་ཅིན་ཕིང་གིས། སྤྱི་ཚོགས་ནི་འགལ་ཟླའི་འགྱུར་ལྡོག་ཁྲོད་ཡར་རྒྱས་བྱུང་བ་ཞིག་ཡིན་པས་འགལ་ཟླ་ཡོད་ན་འཐབ་རྩོད་ཡོད། འགོ་ཁྲིད་ལས་བྱེད་པས་ལས་གནས་གང་ཞིག་ཏུ་གོ་གནས་གང་ཞིག་འཁུར་བཞིན་ཡོད་ཀྱང་ཚང་མས་འགན་འཁུར་ཕོད་པ་དང་འགག་སྒྲོལ་དཀའ་སེལ་གྱིས་བཀོད་འདོམས་པ་བྱེད་དགོས་ལ་འཐབ་འཛིང་པའང་བྱས་ནས་དཔའ་ངར་ཞུམ་མེད་ཀྱི་འཐབ་རྩོད་སྙིང་སྟོབས་དང་། འགྱུར་མེད་ཀྱི་འཐབ་རྩོད་སྙིང་རུས། རྩེར་སོན་གྱི་འཐབ་རྩོད་འཇོན་ཐང་བཅས་སྐྱེད་སྲིང་དང་རྒྱུན་འཁྱོངས་བྱེད་དགོས། ང་ཚོར་ལས་དོན་ཁྲོད་འཕྲད་པའི་འཐབ་རྩོད་ནི་ཕྱོགས་མང་པོའི་ཐད་ནས་ཡིན་པས་སྒྱུར་འཕེལ་བརྟན་གསུམ་དང་། ནང་སྲིད་ཕྱི་འབྲེལ་རྒྱལ་སྲུང་། ཏང་སྐྱོང་རྒྱལ་སྐྱོང་དམག་སྐྱོང་བཅས་གང་ཞིག་བྱེད་ཀྱང་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཁྲོད་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་མཐའ་འཁྱོངས་བྱེད་པ། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དངུལ་རྩའི་ཁྱབ་ཁོངས་ཀྱི་མངོན་མེད་རྐྱེན་ངན་སེལ་བ། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ། སྣོད་བཅུད་ཁོར་ཡུག་བཅོས་སྐྱོང་བྱེད་པ། རང་བྱུང་གི་གནོད་འཚེ་ཚབས་ཆེན་ལ་ཁ་གཏད་འཇལ་བ། ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བ། ཚོགས་སྤྱིའི་རང་བཞིན་གྱི་དོན་རྐྱེན་ཐག་གཅོད་བྱེད་པ། ནག་གཤེད་ཕྱོགས་གཏོགས་ལ་རྡུང་རྡེག་གཏོང་བ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པ་སོགས་གང་ཞིག་བྱེད་ཀྱང་འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པོ་དགོས། འགོ་ཁྲིད་ལས་བྱེད་པས་འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པའི་འཐབ་འཛིང་པ་ཞིག་བྱེད་དགོས་ཞེས་བསྟན་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།