[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ནས་ཀྲུང་གོ་རིག་རྩལ་ལྷན་ཚོཌ་དང་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་བཙུཌ་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-18

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་རིག་རྩལ་ལྷན་ཚོགས་དང་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་བཙུགས་ནས་ལོ་70འཁོར་བའི་མཚམས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་རྒྱལ་ཡོངས་ཀྱི་རྒྱ་ཆེའི་རིག་རྩལ་ལས་དོན་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།

    ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་། རིག་རྩལ་བྱ་གཞག་ནི་ཏང་དང་མི་དམངས་ཀྱི་བྱ་གཞག་གལ་ཆེན་ཞིག་དང་། རིག་རྩལ་འཐབ་ཕྱོགས་ནི་ཏང་དང་མི་དམངས་ཀྱི་འཐབ་ཕྱོགས་གལ་ཆེན་ཞིག་རེད། 

    ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70སོང་རིང་། རྒྱ་ཆེའི་རིག་རྩལ་ལས་དོན་པས་ཏང་གི་འབོད་སྐུལ་ལ་དང་ལེན་ཞུས་ནས་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་དང་སྒྱུར་བཅོས་སྒོ་དབྱེའི་རླབས་ཆེའི་ལག་ལེན་ནང་ཧུར་ཐག་ཞུགས་ཏེ། མཐོང་བ་ཀུན་སྨོན་གྱི་ཕུལ་བྱུང་རིག་རྩལ་བརྩམས་ཆོས་མང་དག་གསར་རྩོམ་གྱིས་སྒྱུ་རྩལ་གྱི་གཟུགས་བརྙན་རྩེར་སོན་མང་པོ་སྐྲུན་ཡོད། ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རྒྱ་ཆེའི་རིག་རྩལ་ལས་དོན་པས་མི་དམངས་ལྟེ་བར་འཛིན་པའི་ལས་ཀའི་ཕྱོགས་སྟོན་མཐའ་འཁྱོངས་བྱས་ནས་འཚོ་བར་ཟབ་ཞུགས་དང་མི་དམངས་ཁྲོད་རྩ་བ་ཚུགས་པར་བྱས་ཏེ་འགྲོ་ནུས་དང་། ལྟ་ནུས། བསམ་ནུས། རྩོམ་ནུས་བཅས་ཆེ་རུ་རྒྱུན་ཆད་མེད་པར་བཏང་ནས་རང་རྒྱལ་གྱི་རིག་རྩལ་བྱ་གཞག་ལ་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཐོན་རྒྱུར་སྐུལ་འདེད་བཏང་བས་རྩོམ་རིག་དང་། ཟློས་གར། གློག་བརྙན། བརྙན་འཕྲིན། རོལ་དབྱངས། ཞབས་བྲོ། མཛེས་རྩལ། པར་ལེན། ཡིག་གཟུགས། གཞས་མ་གཏམ། རྩལ་རྩེད། དམངས་ཁྲོད་རིག་རྩལ། རིག་རྩལ་དཔྱད་གཏམ་སོགས་ཀྱི་ཐད་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་མི་རིགས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་ཐུབ་ནས་རྒྱལ་ཁབ་སྟོབས་འབྱོར་དང་། སྤྱི་ཚོགས་ཡར་ཐོན། མི་དམངས་བདེ་སྐྱིད་བཅས་ལ་གལ་འགངས་ཧ་ཅང་ཆེ་བའི་ལེགས་སྐྱེས་ཕུལ་ཡོད་ཅེས་བསྟན་གནང་བ་རེད།

    ཞི་ཅིན་ཕིང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པས་ཕུལ་དུ་བྱུང་བའི་རྩོམ་རིག་མཁས་ཅན་དང་སྒྱུ་རྩལ་མཁས་ཅན་རེ་འབོད་བྱེད་ཀྱི་ཡོད། ཀྲུང་གོ་རིག་རྩལ་ལྷན་ཚོགས་དང་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ནི་ཏང་དང་སྲིད་གཞུང་གིས་རིག་རྩལ་ལས་རིགས་དང་འབྲེལ་བ་བྱེད་པའི་འབྲེལ་ཟམ་དང་འབྲེལ་ཐག་ཡིན་པས། རིག་རྩལ་ལས་དོན་པར་མཐུན་སྒྲིལ་སྣེ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་གཏོང་བའི་ཐད་འགན་འཁྲི་ལྕི་པོ་ཡོད། ཀྲུང་གོ་རིག་རྩལ་ལྷན་ཚོགས་དང་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་དར་ཆ་སྒྲེང་བ་དང་། དམངས་སེམས་སྒྲིལ་བ། མི་གསར་སྐྱོང་བ། རིག་གནས་དར་སྤེལ། གཟུགས་བརྙན་མངོན་པ་བཅས་ཀྱི་འགན་འཁྲི་དང་ལས་འགན་རང་རྟོགས་ངང་འཁུར་བ་དང་། མཐུན་སྒྲིལ་སྣེ་ཁྲིད་དང་། འབྲེལ་གཏུག་མཐུན་སྦྱོར། ཞབས་ཞུ་དོ་དམ། རང་གཅུན་དང་ཁེ་དབང་སྲུང་སྐྱོང་བཅས་ཀྱི་འགན་ནུས་ནན་ཏན་སྒྲུབ་པ། རྒྱ་ཆེའི་རིག་རྩལ་ལས་དོན་པར་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་དུས་རབས་གསར་པ་ཟིན་འགོད་དང་། དུས་རབས་གསར་པ་མཚོན་པ། དུས་རབས་གསར་པར་བསྟོད་གླུ་འབུལ་བ། དུས་རབས་དང་། མི་དམངས། མི་རིགས་བཅས་ལ་ངོ་གནོང་མི་དགོས་པའི་ཕུལ་བྱུང་བརྩམས་ཆོས་གསར་རྩོམ་ཧུར་ཐག་བྱེད་པ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་ཡོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་ཆེད་དང་། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    ཚེས་16ཉིན་གྱི་སྔ་དྲོར། ཀྲུང་གོ་རིག་རྩལ་ལྷན་ཚོགས་དང་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་བཙུགས་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཧོང་ཁུན་མིང་གིས་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ལས་ཏང་ཀྲུང་དབྱང་གིས་རིག་རྩལ་ལས་དོན་ལ་མཐོང་ཧ་ཅང་ཆེན་པོ་གནང་ལུགས་དང་། རིག་རྩལ་ལས་དོན་པར་ཐུགས་ཁུར་གཟབ་བཞེས་གནང་ལུགས་མཚོན་ཡོད་པས། མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་། ཐོག་མའི་བསམ་འདུན་མ་བརྗེད་པ། འགན་འཁྲི་འཁུར་བ་དང་། དེ་བས་རང་རྟོགས་ངང་བསམ་པའི་དར་ཆ་སྒྲེང་བ་དང་། དུས་རབས་ཀྱི་བླ་སྲོག་གཏོད་པ། ཟོལ་མེད་ཀྱི་བསམ་བློ་འཆང་བ། ཕུགས་འདུན་ཆེན་པོ་འཆང་བ། དར་སྲོལ་གྱི་སྣེ་འཁྲིད་པ་བཅས་བྱས་ཏེ་ཀྲུང་གོའི་སྙིང་སྟོབས་དང་ཀྲུང་གོའི་སྟོབས་ཤུགས་མངོན་པའི་ཕུལ་བྱུང་བརྩམས་ཆོས་དེ་བས་མང་བ་དུས་རབས་དང་མི་དམངས་ལ་འབུལ་དགོས་ཞེས་གསུངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།