[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《བདེ་ཐང་གི་ཀྲུང་གོའི་བྱ་སྤྱོད་ལག་ལེན་བསྟར་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར》བཀྲམ་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-17

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《བདེ་ཐང་གི་ཀྲུང་གོའི་བྱ་སྤྱོད་ལག་ལེན་བསྟར་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་པ་རེད།

    《བསམ་འཆར》ནང་མི་དམངས་ཀྱི་བདེ་ཐང་ནི་མི་རིགས་དར་རྒྱས་དང་རྒྱལ་ཁབ་སྟོབས་འབྱོར་ལྡན་པའི་མཚོན་རྟགས་གལ་ཆེན་ཡིན་པས་སྔོན་འགོག་བྱ་རྒྱུ་ནི་འགྲོ་སོང་ཆུང་ཤོས་དང་གོ་ཆོད་ཤོས་ཀྱི་བདེ་ཐང་ཐབས་ཇུས་ཤིག་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས། སྒྱུར་བཅོས་གསར་གཏོད་མཐའ་འཁྱོངས། དུས་རབས་གསར་པའི་འཕྲོད་བསྟེན་དང་བདེ་ཐང་ལས་ཀའི་བྱེད་ཕྱོགས་ལག་བསྟར། སྲིད་གཞུང་དང་། སྤྱི་ཚོགས། མི་སྒེར་བཅས་ཀྱི་འགན་འཁྲིར་ཤུགས་སྣོན། འཕྲོད་བསྟེན་དང་བདེ་ཐང་གི་ལས་ཀའི་འདུ་ཤེས་དང་ཞབས་ཞུའི་བྱ་ཐབས་དེ་སྨན་བཅོས་ལྟེ་བར་བྱེད་པ་ནས་མི་དམངས་ཀྱི་བདེ་ཐང་ལྟེ་བར་བྱེད་པའི་བར་བསྒྱུར་རྒྱུར་སྐུལ་འདེད་མགྱོགས་མྱུར་གཏོང་བ། བདེ་ཐང་སློབ་གསོའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། བདེ་ཐང་གི་ཤེས་བྱ་ཁྱབ་གདལ་གཏོང་བ། མང་ཚོགས་ཀྱི་སྣེ་ཁྲིད་དེ་ཡང་དག་པའི་བདེ་ཐང་གི་ལྟ་བ་འཛུགས་པ། སྔ་ཙམ་ནས་ཐེ་གཏོགས་བྱ་རྒྱུར་ཤུགས་སྣོན་རྒྱག་པ། བདེ་ཐང་ལ་ཕན་པའི་འཚོ་བ་སྐྱེལ་སྟངས་དང་། སྣོད་བཅུད་ཁོར་ཡུག སྤྱི་ཚོགས་ཁོར་ཡུག་བཅས་གྲུབ་པར་བྱེད་པ། བདེ་ཐང་གི་ཚེ་ཚད་རིང་དུ་གཏོང་བ་བཅས་ཀྱི་སྒོ་ནས་ཕྱོགས་ཡོངས་ནས་མི་དམངས་ཀྱི་བདེ་ཐང་འགན་ལེན་དང་བདེ་ཐང་གི་ཀྲུང་གོ་གཏོད་རྒྱུར་རྨང་གཞི་བརྟན་པོ་འདིང་དགོས་ལུགས་འཁོད་ཡོད།

    《བསམ་འཆར》ནང་ཤེས་བྱ་ཁྱབ་གདལ་དང་། བྱང་ཚད་མཐོར་གཏོང་། རང་བརྟེན་རང་གཅུན། བདེ་ཐང་འཚོ་བ། སྔ་ཙམ་ཐེ་གཏོགས། ཞབས་ཞུ་འཐུས་ཚང་། དམངས་ཡོངས་ཞུགས་པ། མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་གཞི་རྩའི་རྩ་དོན་མཐའ་འཁྱོངས་བྱེད་དགོས། 2022ལོར་སླེབས་སྐབས་བདེ་ཐང་གི་སྐུལ་གཏོང་སྲིད་ཇུས་མ་ལག་གཞི་རྩའི་ཆར་བཙུགས་ནས་དམངས་ཡོངས་ཀྱི་བདེ་ཐང་བྱང་ཚད་དང་ཆུ་ཚད་རིམ་པས་མཐོ་རུ་བཏང་སྟེ་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་མགྱོགས་མྱུར་ཁྱབ་གདལ་གཏོང་དགོས་ཞེས་བཏོན་ཡོད།

    《བསམ་འཆར》ནང་རྒྱལ་ཁབ་རིམ་པའི་ངོས་ནས་བདེ་ཐང་གི་ཀྲུང་གོའི་བྱ་སྤྱོད་སྐུལ་སྤེལ་ཨུ་ལྷན་བཙུགས་ནས《བདེ་ཐང་གི་ཀྲུང་གོའི་བྱ་སྤྱོད(2019ལོ་ནས་2030ལོའི་བར)》བཀྲམ་ནས་གོང་གསལ་གྱི་ཆེད་དོན་བྱ་སྤྱོད་15ཡི་དམིགས་ཡུལ་དང་། དམིགས་ཚད། ལས་འགན། འགན་འཁྲི་བཅས་ལས་བགོས་ཞིབ་ཚགས་བྱས་ནས་ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་ལ་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་རྒྱུར་སྤྱི་འདོམས་མཛུབ་ཁྲིད་བྱས་ནས་ནད་ཡམས་ཕྱོགས་བསྡུས་འགོག་བཅོས་ཀྱི་ཐབས་ཇུས་ལ་ཞིབ་འཇུག་བྱས་ཏེ་ལྟ་ཞིབ་ཚད་ལེན་གྱི་དཔྱད་ཞིབ་ཡག་པོ་བྱེད་དགོས། ཕྱོགས་ཁག་རྒྱ་ཁྱབ་ངང་ཞུགས་རྒྱུར་སྐུལ་སློང་བྱས་ནས་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ་བདེ་ཐང་སྐུལ་གཏོང་གི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས་པ་ནན་བཤད་བྱས་ཡོད།

    《བསམ་འཆར》ནང་ཕྱོཌ་གསུམ་ཐད་ཆེད་དོན་བྱ་སྤྱོད་15གཏན་འབེབས་ཁ་གསལ་བྱས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།