[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གྲོང་གསེབ་ཏུ“མྱུག་གསོའི”བདེ་འཇགས་སློབ་ཚན་ཚོགས་པའི་བྱེད་སྒོ་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-12

    རྒྱལ་ཡོངས་ཀྱི“འཆལ་རྡུང་ལོག་སེལ”གཞུང་དོན་ཁང་གིས་ཐེང་ཞུན་ཀུང་སི་དང་མཉམ་འབྲེལ་ཐོག་2019ལོའི་གྲོང་གསེབ་ཏུ“མྱུག་གསོའི་དྲ་རྒྱའི་བདེ་འཇགས་སློབ་ཚན་ཚོགས་པའི”མཛད་སྒོ་པེ་ཅིང་དུ་འཚོགས་ཤིང་། བྱེད་སྒོའི་ཐོག་གྲོང་གསེབ་ཀྱི་བྱིས་པའི་དྲ་རྒྱའི་བདེ་འཇགས་ཀྱི་གནད་དོན་ལ་དམིགས་ཏེ་ཞིང་ཆེན(ཆུས་དང་གྲོང་ཁྱེར)བཅུ་ལྷག་ཙམ་གྱི་གཞིས་ལུས་བྱིས་པའི་གཙོ་གནད་ས་ཁུལ་དུ་དྲ་རྒྱའི་བདེ་འཇགས་སློབ་ཚན་འཚོག་རྒྱུ་རེད།

    རྒྱལ་ཡོངས་ཀྱི“འཆལ་རྡུང་ལོག་སེལ”གཞུང་དོན་ཁང་གི་ཆེད་དོན་ཀྲུང་རེན་གཞོན་པ་ཀྲུང་དབྱང་དྲིལ་བསྒྲགས་པུའི་ཁྲིམས་འགལ་བཀག་སྡོམ་ངོ་རྒོལ་ཅུས་ཀྱི་ཅུས་ཀྲང་ཞུའེ་སུང་ཡན་གྱིས“མྱུག་གསོའི”བྱ་སྤྱོད་ནང་སློབ་གྲྭ་འབྲིང་ཆུང་དུ་བསྐྱོད་དེ་དྲ་རྒྱའི་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོ་སྤེལ་བར་གལ་འགངས་ཧ་ཅང་ཆེ་བའི་དོན་སྙིང་དངོས་ལྡན་ཡོད། གྲོང་གསེབ་ཏུ“མྱུག་གསོའི་དྲ་རྒྱའི་བདེ་འཇགས་སློབ་ཚན་ཚོགས་པའི”བྱེད་སྒོ་དེ་གཙོ་བོ་གྲོང་གསེབ་ཀྱི་ས་ཁུལ་དང་སློབ་གྲྭའི་དྲ་རྒྱའི་བདེ་འཇགས་སློབ་གསོའི་ཞན་ཆ་དང་གྲོང་གསེབ་ཀྱི་བྱིས་པའི་དྲ་རྒྱའི་བདེ་འཇགས་ཤེས་བྱ་བལྟོས་བཅས་ཀྱིས་ཞན་པའི་གནད་དོན་ལ་དམིགས་ནས་སྤེལ་བ་ཞིག་ཡིན་པས་དགོས་མཁོ་དེ་བས་ཆེ་བའི་ས་ཁུལ་དང་མི་སྣར་དྲ་རྒྱའི་བདེ་འཇགས་ཀྱི་ཤེས་བྱ་སློབ་ཁྲིད་བྱ་རྒྱུ་རེད། བྱེད་སྒོའི་ཁྲོད་ཕྱོགས་ཁག་གི་སྟོབས་ཤུགས་གཅིག་སྒྲིལ་གྱིས་གཞོན་ནུ་ལོ་ཆུང་གི་དྲ་རྒྱའི་བདེ་འཇགས་སློབ་གསོ་གཏིང་ཟབ་སྤེལ་ནས་གྲོང་གསེབ་ཀྱི་བྱིས་པ་དང་ལྷག་པར་དུ་གཞིས་ལུས་བྱིས་པར་དྲ་རྒྱའི་བདེ་འཇགས་ཀྱི་མེ་འགོག་གྱང་ཡག་པོ་བསྐྲུན་རྒྱུ་རེད་ཅེས་བརྗོད་པ་དང་། ཁོང་གིས་ཐེང་ཞུན་ཀུང་སིས་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་བ་དང་བདེ་འཇགས་སློབ་ཁྲིད་ཀྱི་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་བའི་བྱ་སྤྱོད་ལ་གདེང་འཇོག་བཟང་པོ་གནང་བ་དང་འབྲེལ་ཐུགས་རྗེ་ཆེ་ཡང་ཞུས་པ་རེད།

    2018ལོའི་ཟླ་8པའི་ཟླ་མཇུག་བར། རང་རྒྱལ་དུ་གཞིས་ལུས་བྱིས་པ་ཁྱོན་ཁྲི་697ཡོད་ཅིང་། དྲ་རྒྱ་ཡོངས་ཁྱབ་མྱུར་པོ་ཕྱིན་པ་དང་བསྟུན་ནས་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པས་དྲ་རྒྱ་བརྒྱུད་གྲོང་ཁྱེར་གྱི་བྱིས་པ་དང་གྲངས་གཞིའི་གོ་སྐབས་མཉམ་སྤྱོད་ཐུབ་ཡོད། ཡིན་ནའང་དམིགས་བསལ་གྱི་འཚོ་བའི་ཁོར་ཡུག་གིས་རྐྱེན་པས་གྲོང་གསེབ་ཀྱི་བྱིས་པ་དང་ལྷག་པར་དུ་གཞིས་ལུས་བྱིས་པའི་དྲ་རྒྱའི་འཚོ་བའི་ཁྲོད་དགོས་ངེས་ཀྱི་རོགས་རམ་དང་མཛུབ་ཁྲིད་མི་འདང་བས་སེམས་ཁམས་ཐད་དྲ་རྒྱའི་ཤུགས་རྐྱེན་ཕོག་སླ་པོ་ཡོད་ལ་དྲ་རྒྱའི་བདེ་འཇགས་སློབ་གསོའི་གནད་དོན་ཡང་མངོན་གསལ་དོད་ཙམ་ཡོད། ད་ཐེངས་ཀྱི་གྲོང་གསེབ་ཏུ“མྱུག་གསོའི་དྲ་རྒྱའི་བདེ་འཇགས་སློབ་ཚན་ཚོགས་པའི”བྱེད་སྒོ་དེ་ཟླ་9པ་ནས་ཟླ་12བར་སྤེལ་རྒྱུ་ཡིན་ཞིང་། རྒྱལ་ཡོངས“འཆལ་རྡུང་ལོག་སེལ”གཞུང་དོན་ཁང་གིས་མཛུབ་ཁྲིད་བྱེད་པ་དང་། ཐེང་ཞུན་ཚོགས་པས་ས་གནས་ཁག་གི“འཆལ་རྡུང་ལོག་སེལ”གཞུང་དོན་ཁང་དང་མཉམ་དུ་ཡུན་ནན་དང་། ཀུའེ་ཀྲོའུ། ཧུའུ་ནན། ཅང་ཤིས། ཧྥུའུ་ཅན། ཀྲེ་ཅང་། ཧྲན་ཤིས། ཉིང་ཞ་སོགས་ཞིང་ཆེན་བཅུ་ལྷག་ཙམ་གྱི་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པའི་གཙོ་གནད་ས་ཁུལ་དུ་གཅིག་རྗེས་གཉིས་མཐུད་ངང་བསྐྱོད་ནས་སློབ་གྲྭ་འབྲིང་ཆུང་གི་སློབ་མ་དང་། ཁྱིམ་བདག དེ་བཞིན་དགེ་རྒན་བཅས་སྒྲིག་འཛུགས་ཀྱིས་དྲ་རྒྱའི་བདེ་འཇགས་སློབ་ཁྲིད་བྱས་ནས་གྲོང་གསེབ་ཀྱི་བྱིས་པར་དྲ་རྒྱའི་བདེ་འཇགས་ཤེས་བྱ་སློབ་སྦྱོང་དང་ཁོང་དུ་ཆུད་རོགས་བྱས་ཏེ་ཁོང་ཚོར་དྲ་རྒྱའི་གནོད་འཚེ་ཕོག་ཚད་ཉུང་དུ་གཏོང་རྒྱུ་རེད།

    འགོ་ཚུགས་མཛད་སྒོའི་ཐོག་དེ་གོང་རྒྱལ་ཡོངས“འཆལ་རྡུང་ལོག་སེལ”གཞུང་དོན་ཁང་དང་ཐེང་ཞུན་ཀུང་སིས་ན་སོ་དར་ལ་མ་བབས་པའི་མིའི་དྲ་རྒྱའི་བདེ་འཇགས་སློབ་གསོའི་ཁྱབ་ཁོངས་སུ་སྤེལ་བའི་འཚོལ་ཞིབ་དང་མཉམ་ལས་ཀྱི་བྱེད་སྒོ་རབ་དང་རིམ་པར་ཕྱིར་བལྟ་བྱས་པའི་ནང་དྲ་རྒྱའི་བདེ་འཇགས་ཀྱི་སློབ་ཚན་འཆར་འགོད་གསར་སྤེལ་བྱེད་པ་དང་། རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་མང་པོར་སློབ་ཁྲིད་བྱེད་པར་བསྐྱོད་པ། སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་ལ་དྲ་རྒྱའི་བདེ་འཇགས་ཀྱི་ཤེས་བྱ་གཅིག་སྡུད་གསོ་སྦྱོང་བྱེད་པ་སོགས་ཚུད་ཡོད། 2017ལོར“དྲ་རྒྱའི་བདེ་འཇགས་སློབ་ཚན་ཚོགས་པའི”བྱེད་སྒོ་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་བཅུ་བདུན་གྱི་སློབ་གྲྭ་3དུ་སྤེལ་བ་དེ་སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཁྲི་20ལྷག་ཙམ་ལ་ཁྱབ་ཡོད། 2018ལོར“མྱུག་གསོའི་དྲ་རྒྱའི་བདེ་འཇགས་སློབ་ཚན་ཚོགས་པའི”དགེ་རྒན་གྱི་སྤྱི་ཕན་གསོ་སྦྱོང་ཐེངས་དང་པོ་བྱས་ཏེ་རྒྱལ་ཡོངས་ལ་ཁྱབ་པའི་གཞོན་ནུ་ལོ་ཆུང་གི་དྲ་རྒྱའི་བདེ་འཇགས་སློབ་ཚན་གྱི་འཆད་ཁྲིད་དགེ་རྒན་དཔུང་ཁག་ཅིག་བཏོད་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།