[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དབང་དབྱང་ཆོས་ལུགས་ཚོགས་པའི་འགན་འཁུར་བའི་དཔྱིད་གསར་དུས་ཆེན་ལ་བསུ་བ་ཞུ་བའི་བཞུགས་མོལ་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-02-03

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་1ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་1ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པའི་འགན་འཁུར་བའི་དཔྱིད་གསར་དུས་ཆེན་ལ་བསུ་བ་ཞུ་བའི་བཞུགས་མོལ་ཚོགས་འདུར་ཞུགས་ནས་ཁོང་ཚོ་དང་ལྷན་དུ་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་མ་ཟད་ཀྲུང་གུང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚབ་ཞུས་ཏེ་རྒྱལ་ཡོངས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་རྒྱ་ཆེའི་དད་ལྡན་མང་ཚོགས་ལ་དཔྱིད་གསར་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་རེད།

    དབང་དབྱང་གིས་ཆོས་ལུགས་ཚོགས་པ་ཁག་གི་2018ལོའི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་དང་2019ལོའི་ལས་དོན་ལ་ཐུགས་རེ་ཟབ་མོ་བཅོལ་བ་རེད། ཁོང་གིས་ཆོས་ལུགས་ཚོགས་པ་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་ཆོས་ལུགས་ལས་དོན་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། མི་རིགས་མཐུན་སྒྲིལ་དང་། ཆོས་ལུགས་འཆམ་མཐུན། སྤྱི་ཚོགས་ཞི་མཐུན་བཅས་ལ་སྲུང་སྐྱོང་བྱེད་དགོས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བ་གོ་སྐབས་བཟང་པོར་བརྩིས་ཏེ་རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ལག་ལེན་གྱི་བྱེད་སྒོ་སྤེལ་ནས་རྒྱ་ཆེའི་ཆོས་ལུགས་ལས་རིགས་མི་སྣ་དང་དད་ལྡན་མང་ཚོགས་ཚོར་ཡང་དག་པའི་ལོ་རྒྱུས་ཀྱི་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། རྒྱལ་ཁབ་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ་བཅས་བཙུགས་ཏེ་ཆོས་ལུགས་རང་ངོས་འཕེལ་རྒྱས་དེ་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་དང་ཟུང་འབྲེལ་དམ་ཟབ་བྱེད་དགོས་པའི་ཁྲིད་སྟོན་བྱེད་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཆོས་ལུགས་ཀྱི་བསམ་བློའི་མ་ལག་དང་། ལམ་ལུགས་ཀྱི་ཚད་གཞི། གུས་ལུགས་སོགས་ཀྱི་ཐད་འཚོལ་ཞིབ་ཧུར་ཐག་བྱས་ནས་ཉམས་མྱོང་བཟང་པོ་དང་བྱ་ཐབས་བཟང་པོ་ཕྱོགས་སྡོམ་དང་ཁྱབ་གདལ་གཏོང་དགོས། རྒྱ་ཆེའི་ཆོས་ལུགས་ལས་རིགས་མི་སྣ་དང་དད་ལྡན་མང་ཚོགས་ཚོས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་རང་རྟོགས་ངང་སྲུང་སྐྱོང་བྱས་ཏེ་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་དང་མཐུན་པའི་ཁྱབ་ཁོངས་ནང་བྱེད་སྒོ་སྤེལ་བ་དང་ཆོས་ལུགས་སྤྱད་ནས་སྤེལ་བའི་ཁྲིམས་འགལ་གྱི་བྱེད་སྤྱོད་མཐའ་དག་མཐའ་གཅིག་ཏུ་བཀག་འགོག་དང་ངོ་རྒོལ་བྱེད་དགོས་པའི་ཁྲིད་སྟོན་བྱེད་དགོས། ཆོས་སྲོལ་འཛུགས་སྐྱོང་དང་ནང་ཁུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཆོས་ལུགས་ལས་རིགས་མི་སྣས་ཆོས་ཁྲིམས་དང་སྡོམ་ཁྲིམས་ནན་པོ་སྲུང་བ་དང་། ཆོས་ལུགས་ཀྱི་རྟོག་པ་མཐོ་རུ་གཏོང་བ། སྤྱི་ཚོགས་ཀྱི་མཚན་སྙན་ལ་གཅེས་སྤྲས། དད་པ་ཉམས་པ་དང་། བག་མེད་རྣམ་གཡེང་། རྒྱས་སྤྲོས་བརྩོན་ལེན་སོགས་ཀྱི་དར་སྲོལ་ངན་པ་ཡོ་བསྲང་བྱེད་པ། ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་སུ་ནུས་པ་ཐོན་པ་བཅས་ཀྱི་ཆོས་ལུགས་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས་ཞེས་བསྟན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།