[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-01-11

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་9ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་དམིགས་པའི་ཀུན་ཕན་རང་བཞིན་གྱི་དཔྱ་ཁྲལ་ཆག་ཡང་གཏོང་བའི་བྱེད་ཐབས་ཁག་གཅིག་སླར་ཡང་འདོན་རྒྱུ་དང་། ས་གནས་སྲིད་གཞུང་གི་ཆེད་དོན་བུན་འཛིན་མགྱོགས་མྱུར་འགྲེམས་སྤེལ་དང་ཡག་པོ་སྤྱོད་རྒྱུ་བཀོད་སྒྲིག སྐྲུན་བཞིན་པའི་ལས་གྲྭ་དང་དེ་བཞིན་ཞན་ཆ་གསབ་རྒྱུའི་རྣམ་གྲངས་འཛུགས་སྐྲུན་ལ་རྒྱབ་སྐྱོར་དང་འབྲེལ་འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་རྒྱུར་སྣེ་ཁྲིད་བྱ་རྒྱུ་བཅས་གཏན་འབེབས་གནང་བ་དང་། ཞིང་པ་ལས་མིའི་གླ་ཆ་འགན་ལེན་དང་སྤྲོད་ཚུལ་གྱི་སྙན་སེང་གསན་པ་དང་། གླ་ཆ་འགྱངས་ཆད་བཅོས་སྒྲིག་དང་ཡོང་འབབ་འགན་ལེན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་བཀོད་སྒྲིག་གནང་བ་རེད། 

    ཚོགས་འདུའི་ཐོག་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་བྱས་ཏེ་འདི་ལོའི་དཔལ་འབྱོར་འཁོར་སྐྱོད་དེ་ལུགས་མཐུན་བར་མཐོངས་སུ་གནས་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་དེ་དུས་ཚིགས་དང་པོ་བརྟན་པོའི་ངང་འགོ་ཧུར་ཐག་འཛུགས་རྒྱུའི་ངོས་ནས་བརྗོད་ན་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན་པས་ངེས་པར་དུ་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བྱེད་དགོས། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་འཕེལ་རྒྱས་ཡག་པོ་གཏོང་རྒྱུ་དེ་དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་དང་ལས་ཞུགས་བརྟན་པོ་ཡོང་རྒྱུ་དང་འབྲེལ་བ་ཡོད་ཅེས་བསྟན་ཞིང་། ཚོགས་འདུའི་ཐོག་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་ཀུན་ཕན་རང་བཞིན་གྱི་དཔྱ་ཁྲལ་ཆག་ཡང་གཏོང་བའི་བྱེད་ཐབས་གསར་པ་ཁག་གཅིག་འདོན་རྒྱུའི་གཏན་འབེབས་བྱས་པ་སྟེ། གཅིག་ནི་ཁེ་ལས་ཀྱི་ཐོབ་ཁྲལ་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་མཁན་ཁེ་བཟང་ཆུང་བའི་ཁེ་ལས་ཀྱི་ཚད་གཞི་ཆེས་ཆེར་ལྷུག་ཏུ་གཏོང་རྒྱུ་དང་ཆབས་ཅིག་ཐོབ་ཁྲལ་གཟིགས་སྐྱོང་ཆེ་རུ་གཏོང་རྒྱུ་དང་། ཁེ་བཟང་ཆུང་བའི་ཁེ་ལས་ཀྱིས་ལོར་འཇལ་རྒྱུའི་ཐོབ་ཁྲལ་དངུལ་འབོར་སྒོར་ཁྲི་100དང་སྒོར་ཁྲི་100ནས་སྒོར་ཁྲི་300ཡི་ཆ་ཤས་ལས་བརྒལ་མི་ཆོག་པ་དང་དཔྱ་ཁྲལ་ཆག་ཡང་གཏོང་བ་དེ་25%དང་50%གཞིར་བཟུང་ཁྲལ་འཇལ་གྱི་ཐོབ་ཁྲལ་བསྡོམས་འབོར་ནང་བཞག་ནས་དཔྱ་ཁྲལ་གྱི་ཁུར་པོ་5%དང་10%ཆུང་དུ་གཏོང་རྒྱུ་དང་ལེགས་སྒྲིག་བྱས་རྗེས་ཀྱི་གཟིགས་སྐྱོང་སྲིད་ཇུས་དེ་95%ཡན་གྱི་ཁྲལ་འཇལ་ཁེ་ལས་ལ་ཁྱབ་རྒྱུའི་ནང་དམངས་གཉེར་ཁེ་ལས་ལ་98%ཁྱབ་རྒྱུ་དང་། གཉིས་ནི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་དང་། ཁེར་རྐྱང་བཟོ་ཚོང་དུད་ཚང་། དེ་མིན་མི་སྒེར་གྱི་གཞི་ཁྱོན་ཆུང་བའི་ཁྲལ་འཇལ་བ་བཅས་ཚུད་པའི་གནས་ཐང་འཕར་ཁྲལ་བསྡུ་འགོ་ཚུགས་ཚད་དེ་ཟླ་རེའི་ཕྱིར་ཚོང་བསྡོམས་འབོར་སྒོར་ཁྲི་3ནས་སྒོར་ཁྲི་10བར་མཐོ་རུ་གཏོང་རྒྱུ། གསུམ་ནི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་གི་སྲིད་གཞུང་གིས་གནས་ཐང་འཕར་ཁྲལ་གྱི་གཞི་ཁྱོན་ཆུང་བའི་ཁྲལ་འཇལ་བར་50%ཡི་འཕར་ཚད་ནང་གི་ཐོན་ཁུངས་དཔྱ་ཁྲལ་དང་། གྲོང་ཁྱེར་ཉམས་གསོ་འཛུགས་སྐྲུན་གྱི་དཔྱ་ཁྲལ། འཛིན་ཁྲལ། གྲོང་ཁྱེར་དང་གྲོང་རྡལ་གྱི་ས་སྤྱོད་དཔྱ་ཁྲལ། རྨོ་ཞིང་བཟུང་སྤྱོད་ཀྱི་དཔྱ་ཁྲལ་སོགས་ས་གནས་ཀྱི་ཁྲལ་རིགས་དང་དེ་བཞིན་སློབ་གསོའི་ཟུར་སྣོན་གྲོན་དངུལ་དང་ས་གནས་ཀྱི་སློབ་གསོའི་ཟུར་སྣོན་བསྡུ་ཚད་ཉུང་དུ་གཏོང་རྒྱུ། བཞི་ནི་མ་དངུལ་བཏང་ནས་ཐོག་མར་བཙུགས་པའི་ཚན་རྩལ་རྣམ་པའི་ཁེ་ལས་ཀྱིས་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་པའི་ཁྱབ་རྒྱ་ཆེ་རུ་བཏང་སྟེ་ཁེ་ལས་དེ་རིགས་ལ་མ་དངུལ་གཏོང་མཁན་གསར་གཏོད་མ་འཇོག་ཁེ་ལས་དང་མ་དངུལ་འཇོག་མཁན་མི་སྒེར་ལ་ཁྲལ་འབབ་གཟིགས་སྐྱོང་དེ་བས་མང་པོ་ཐོབ་པ་བྱ་རྒྱུ། ལྔ་ནི་གཞི་ཁྱོན་ཆེན་པོས་ཁྲལ་ཉུང་དུ་བཏང་བའམ་རྩ་ཆག་བཏང་བའི་རྐྱེན་གྱིས་ས་གནས་ནོར་ཤུགས་མི་འདང་བའི་རིགས་ལ། ཀྲུང་དབྱང་ནོར་སྲིད་ཀྱིས་ས་གནས་ཀྱི་སྤྱིར་བཏང་རང་བཞིན་གྱི་སྤོ་སྒྱུར་གཏོང་སྒོ་མང་དུ་གཏོང་རྒྱུ་བཅས་རེད། གོང་གསལ་གྱི་དཔྱ་ཁྲལ་ཉུང་གཏོང་སྲིད་ཇུས་འདི་ལོའི་ཟླ་1ཚེས་1ཉིན་བར་ཡིན་པ་དང་ལག་བསྟར་དུས་བཅད་གནས་སྐབས་ལོ་གསུམ་ལ་གཏན་འཁེལ་བྱ་རྒྱུ་དང་སྔོན་རྩིས་བྱས་ན་ལོ་ལྟར་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་དཔྱ་ཁྲལ་ཁུར་པོ་སྒོར་དུང་ཕྱུར་2000ཆུང་དུ་གཏོང་རྒྱུ་རེད། 

    ཚོགས་འདུའི་ཐོག་གྲུབ་ཆ་ལེགས་སྒྲིག་དང་ནང་མཁོ་བརྟན་པོ་ཡོང་བར་དམིགས་ནས་ནོར་སྲིད་དངུལ་ལོར་སྲིད་ཇུས་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། ཉིན་ཤས་གོང་ཁྱབ་བསྒྲགས་བྱས་པའི་ཕྱོགས་ཡོངས་ནས་ཚད་གཞི་དམའ་རུ་གཏོང་བའི་བྱེད་ཐབས་དོན་འཁྱོལ་ཡག་པོ་བྱས་ཏེ་བརྟན་འཁྱོངས་ཀྱི་དངུལ་ལོར་སྲིད་ཇུས་མུ་མཐུད་ལག་བསྟར་དང་། “ཞིང་ཆུ་ལེབ་གཏོང”མི་བྱ་རྒྱུ་མཐའ་འཁྱོངས། སྐབས་འགར་ལེགས་སྒྲིག་ཕྲན་བུ་བྱེད་པ། དམངས་གཉེར་ཁེ་ལས་དང་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་མ་དངུལ་བསྡུ་སྒྲིལ་དཀའ་བ་དང་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་མཐོ་བའི་གནད་དོན་ཞི་ལྷོད་དུ་གཏོང་བ། ཁྲོམ་རའི་འཁོར་རྒྱུག་རང་བཞིན་ལུགས་མཐུན་འདང་ངེས་འགན་ལེན་བཅས་བྱས་ཏེ་ལས་ཞུགས་དང་འཛད་སྤྱོད་རྒྱ་ཆེར་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། དེ་དང་ཆབས་ཅིག་ས་གནས་སྲིད་གཞུང་གི་ཆེད་དོན་བུན་འཛིན་བཀྲམ་རྒྱུ་དང་སྤྱོད་པའི་མྱུར་ཚད་མགྱོགས་སུ་གཏོང་དགོས་པ་བསྟན་ཡོད། ཚོགས་འདུའི་ཐོག་གཅིག་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་དབང་ཆ་སྤྲད་པའི་སྔོན་འགྲོའི་ཆ་རྐྱེན་འོག་གཤམ་སྤྲོད་བྱས་པའི་ས་གནས་ཀྱི་བུ་ལོན་སྒོར་དུང་ཕྱུར་ཁྲི་1.39མགྱོགས་མྱུར་འགྲེམས་སྤེལ་དང་ལོ་ཧྲིལ་པོའི་ཆེད་དོན་བུ་ལོན་བགོ་བཤའི་ཇུས་གཞི་བཟོ་རྒྱུ་དམ་འཛིན་བྱས་ཏེ་ཟླ་དགུ་པའི་ཟླ་མཇུག་གོང་ལ་རྩ་བའི་ཆ་ནས་སྤྲོད་ཚར་བ་བྱེད་དགོས་པ་དང་། གཉིས་ནས་མིག་སྔར་ཆེད་དོན་བུ་ལོན་གྱིས་མ་འཇོག་བརྟན་པོ་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ནུས་པ་གལ་ཆེན་འདོན་སྤེལ་ཡག་པོ་བྱེད་དགོས་པ། གསུམ་ནས་དངུལ་ལོར་དང་ཡིད་རྟོན་དངུལ་བུན་སྲིད་ཇུས་ཀྱིས་ཆེད་དོན་བུ་ལོན་འགྲེམས་སྤེལ་དང་དེ་བཞིན་རྣམ་གྲངས་ལྷན་སྦྱར་མ་དངུལ་བསྡུ་སྒྲིལ་ལ་གཞོགས་འདེགས་བྱེད་པ་དང་དངུལ་རྩའི་སྒྲིག་གཞིས་དངུལ་རྩའི་ཞབས་ཞུར་ཤུགས་སྣོན་རྒྱག་རྒྱུར་སྣེ་ཁྲིད་བྱས་ཏེ་རྣམ་གྲངས་གལ་ཆེན་གྱི་རྗེས་མཐུད་མ་དངུལ་བསྡུ་སྒྲིལ་འགན་ལེན་བྱེད་དགོས་པ་དང་། བཞི་ནས་ཆེད་དོན་བུ་ལོན་དོ་དམ་ཚད་ལྡན་དུ་གཏོང་བ་དང་བུན་འཇལ་འགན་འཁྲི་དོན་འཁྱོལ་བྱས་ཏེ་ས་གནས་སྲིད་གཞུང་གི་ལྐོག་གྱུར་བུན་དོན་ཚོད་འཛིན་ནན་པོ་བྱེད་དགོས་པ་བཅས་ཀྱི་གཏན་འབེབས་བྱས་ཡོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།