[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཕ་ན་མའི་ཙུང་ཐུང་པ་ལེ་ལ་དང་ལྷན་དུ་ཕ་ན་མ་མིས་བཟོས་གཙང་པོའི་གྲུ་ལམ་གྱི་འགག་སྒོ་གསར་པར་གཟིགས་སྐོར་གནང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-12-06

    573765_yis_1543988681011.jpg

    ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་3ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་ན་མ་གྲོང་ཁྱེར་དུ་ཕ་ན་མའི་ཙུང་ཐུང་པ་ལེ་ལ་དང་ལྷན་དུ་ཕ་ན་མའི་མིས་བཟོས་གཙང་པོའི་གྲུ་ལམ་གྱི་འགག་སྒོ་གསར་པར་གཟིགས་སྐོར་གནང་བ་རེད། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་དལ་པོར་གྲུ་ལམ་གྱི་འགག་སྒོ་གསར་པར་ཕེབས་འབྱོར་ཟིན་སྐབས་ཙུང་ཐུང་པ་ལེ་ལ་དང་སྐུ་ཟླ་ཁ་སི་ཏི་ལུའེ་ཡིས་འཁོར་རིགས་འཇོག་ཁུལ་དུ་ཕེབས་བསུ་ཞུས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་གྲུ་ལམ་གྱི་འགག་སྒོ་དང་པོར་ཆུ་ལམ་འགག་སྒོ་བསྒྲལ་རྒྱུ་སྒུག་བསྡད་པའི་ཀྲུང་གོ་རྒྱང་རིང་རྒྱ་མཚོ་ཆེ་མོ་མཚོ་ཐོག་སྐྱེལ་འདྲེན་ཚོགས་པའི“རྒྱ་སེ་གྲུ་གཟིངས”ཀྱི་གྲུ་དཔོན་དང་འཕྲིན་གཏོང་ཡོ་བྱད་ཐོག་ནས་གླེང་མོལ་གནང་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཕ་ན་མ་ནས་ཟླ་12ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་3ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོང་ཁྱེར་ཕ་ན་མར་ཕ་ན་མའི་ཙུང་ཐུང་པ་ལེ་ལ་དང་ལྷན་དུ་ཕ་ན་མ་མིས་བཟོས་གཙང་པོའི་གྲུ་ལམ་གྱི་འགག་སྒོ་གསར་པར་གཟིགས་སྐོར་གནང་བ་རེད།

    ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྲུ་ལམ་གྱི་འགག་སྒོ་གསར་པར་ཕེབས་འབྱོར་ཟིན་སྐབས་ཙུང་ཐུང་པ་ལེ་ལ་དང་སྐུ་ཟླ་ཁ་སི་ཏི་ལེ་ཡིས་འཁོར་རིགས་འཇོག་ཁུལ་དུ་ཕེབས་བསུ་ཞུས་པ་རེད།

    ཐག་མི་རིང་བའི་སར་དོས་སྒམ་བྱུར་བུར་བླུགས་པའི་ཀྲུང་གོ་རྒྱང་རིང་རྒྱ་མཚོ་ཆེ་མོ་མཚོ་ཐོག་སྐྱེལ་འདྲེན་ཚོགས་པའི“རྒྱ་སེ་གྲུ་གཟིངས”གྲུ་ལམ་གྱི་འགག་སྒོ་དང་པོར་ཆུ་ལམ་འགག་སྒོ་བསྒྲལ་རྒྱུ་སྒུག་བསྡད་ཡོད་པ་རེད། གྲུ་གཟིངས་དེ་འདི་ལོའི་ཟླ་10ཚེས་1ཉིན་ཀྲུང་གོའི་ཆིང་ཏའོ་ནས་ཐོན་འགོ་ཚུགས་ནས་ཞི་བདེ་རྒྱ་མཚོ་ཆེ་མོ་བསྒྲལ་ཏེ་ཕ་ན་མ་མིས་བཟོས་གཙང་པོ་དང་ནུབ་རྒྱ་མཚོ་ཆེ་མོ་བརྒྱུད་ཨ་རིའི་གྲུ་ཁ་གསུམ་དུ་འབྱོར་བ་དང་། ད་ལྟ་ཕ་ན་མ་མིས་བཟོས་གཙང་པོ་བརྒྱུད་ཕྱིར་ལོག་བཞིན་ཡོད་པ་རེད།

    རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་གོ་རྒྱང་རིང་རྒྱ་མཚོ་ཆེ་མོ་མཚོ་ཐོག་སྐྱེལ་འདྲེན་ཚོགས་པའི་འགན་ཁུར་བས“རྒྱ་སེ་གྲུ་གཟིངས”ཀྱི་གནས་ཚུལ་དང་དེ་བཞིན་རྒྱང་རིང་རྒྱ་མཚོ་ཆེ་མོ་མཚོ་ཐོག་སྐྱེལ་འདྲེན་ཚོགས་པས་ཕ་ན་མར་སྐྱེལ་འདྲེན་གཉེར་སྐྱོང་བྱེད་ཚུལ་གསན་པ་རེད།

    རྒྱལ་ཁབ་གཉིས་པོའི་གཙོ་བདག་སྟངས་དཔྱལ་གྱིས“རྒྱ་སེ་གྲུ་གཟིངས”ཀྱི་གྲུ་པར་ཕྱག་གཡུག་གཡུག་གནང་ནས་འཚམས་འདྲི་གནང་བ་རེད། གྲུ་པ་ཚོས་ཀྲུང་ཕ་རྒྱལ་ཁབ་གཉིས་པོའི་རྒྱལ་དར་གཡུག་གཡུག་བྱས་ཏེ་རྒྱལ་ཁབ་གཉིས་པོའི་གཙོ་བདག་སྟངས་དཔྱལ་ལ་གུས་ལན་མཚོན་པར་བྱས་པ་རེད།

    ཞི་ཅིན་ཕིང་གིས“རྒྱ་སེ་གྲུ་གཟིངས”ཀྱི་གྲུ་དཔོན་དང་འཕྲིན་གཏོང་ཡོ་བྱད་ཐོག་ནས་གླེང་མོལ་གནང་སྟེ་གྲུ་གཟིངས་ཐོག་གི་ལས་དོན་དང་འཚོ་བའི་ཆ་རྐྱེན་དྲིས་གནང་བ་དང་འབྲེལ་གྲུ་པ་ཡོངས་ལ་འཚམས་འདྲི་གནང་བ་རེད། ཞི་ཅིན་ཕིང་གིས་ཕ་ན་མ་མིས་བཟོས་གཙང་པོར“རྒྱ་སེ་གྲུ་གཟིངས”ཀྱི་གྲུ་དཔོན་དང་གྲུ་པ་ཚོ་དང་གླེང་མོལ་བྱེད་རྒྱུ་བྱུང་བར་དགའ་ཚོར་ཧ་ཅང་ཆེན་པོ་བྱུང་། ཁྱེད་ཚོས་ཕ་ན་མ་མིས་བཟོས་གཙང་པོ་ཡག་པོ་སྤྱོད་པ་དང་། ཟོག་འགྲེམས་སྐྱེལ་འདྲེན་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་རྒྱལ་ཁབ་ཀྱི་ཆུ་ཐོག་སྐྱེལ་འདྲེན་བྱ་གཞག་དང་གོ་ལ་ཧྲིལ་པོའི་ཚོང་དོན་དར་རྒྱས་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད། ངས་ཕྱི་རྒྱལ་དུ་མཚོ་ཐོག་རྒྱང་སྐྱོད་བྱེད་མཁན་གྱི་གྲུ་པ་ཚོར་སེམས་ཁུར་ཆེན་པོ་བྱེད་ཀྱི་ཡོད། ཚང་མའི་ལས་ཀ་དང་འཚོ་བ་ལམ་ལྷོངས་ཡོང་བ་དང་། དགའ་དགའ་སྤྲོ་སྤྲོའི་ངང་གྲུ་གཟིངས་གཏོང་བ་དང་བདེ་བདེ་ཐང་ཐང་ངང་ཁྱིམ་དུ་ལོག་རྒྱུའི་རེ་བ་ཡོད། ཚང་མ་བྱ་བ་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

    “རྒྱ་སེ་གྲུ་གཟིངས”ཀྱི་གྲུ་དཔོན་དང་གྲུ་པ་ཚོས་ཞི་ཅིན་ཕིང་གི་བྱམས་བརྩེའི་འཚམས་འདྲི་དང་མངགས་བཅོལ་ཟབ་མོ་ཐོས་སྐབས་སེམས་འགུལ་ཧ་ཅང་ཆེན་པོ་ཐེབས་ཤིང་། ཁོང་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲུ་པ་ཚང་མར་ཐུགས་ཁུར་དང་འཚམས་འདྲི་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཀྲུའུ་ཞི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ཏེ་བྱ་སྤྱོད་ངོ་མར་བརྟེན་ནས་ཀྲུང་ཕྱིའི་དཔལ་འབྱོར་ཚོང་དོན་སྐྱེལ་འདྲེན་བྱ་གཞག་ལ་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བརྗོད།

    དེ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་སྟངས་དཔྱལ་ལྷན་དུ་གྲུ་ལམ་གྱི་འགག་སྒོའི་ཚོད་འཛིན་ལྕོག་སྟེགས་སུ་ཕེབས་ནས་ཕ་ན་མ་མིས་བཟོས་གཙང་པོ་དོ་དམ་གཉེར་སྐྱོང་གི་གནས་ཚུལ་གསན་པ་རེད། ཚོད་འཛིན་ཁང་གི་ཕྱི་རོལ་ལས་སྟེགས་སུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་གྲུ་ལམ་གྱི་འགག་སྒོ་གསར་པ་དང་མིས་བཟོས་གཙང་པོའི་མཛེས་ལྗོངས་ཧྲིལ་པོར་གཟིགས་པ་རེད། པ་ལེ་ལས་ཞི་ཅིན་ཕིང་ལ་མིས་བཟོས་གཙང་པོའི་ལོ་རྒྱུས་དང་། ད་ལྟའི་གནས་ཚུལ། དེ་བཞིན་འབྱུང་འགྱུར་འཕེལ་རྒྱས་ཀྱི་འཆར་འགོད་བཅས་ངོ་སྤྲོད་ཞིབ་ཕྲ་གནང་བ་རེད།

    རྒྱལ་ཁབ་གཉིས་པོའི་གཙོ་བདག་ཚོད་འཛིན་ཁང་དུ་ཕེབས་པ་དང་། ཞི་ཅིན་ཕིང་གིས་ཚོད་འཛིན་གློག་ཀླད་ཀྱི་གཅུས་སྒོ་མནན་ནས་གྲུ་ལམ་གྱི་འགག་སྒོ་ཕྱེ་བ་རེད། གྲུ་ལམ་གྱི་འགག་སྒོ་ཕྱོགས་གཉིས་སུ་ཁ་ཕྱེ་བ་དང་བསྟུན་ནས“རྒྱ་སེ་གྲུ་གཟིངས”གྲུ་ལམ་གྱི་འགག་སྒོ་ནས་དལ་བུར་སྐྱོད་འགོ་ཚུགས་པ་དང་འབྲེལ་ཚོད་འཛིན་ཁང་དུ་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས་པ་རེད།

    ཕ་ན་མ་མིས་བཟོས་གཙང་པོ་ནི་ཞི་བདེ་རྒྱ་མཚོ་ཆེ་མོ་དང་ནུབ་རྒྱ་མཚོ་ཆེ་མོ་སྦྲེལ་མཐུད་ཀྱི་རྒྱལ་སྤྱིའི་ཆུ་ལམ་གལ་ཆེན་ཞིག་ཡིན་པ་དང་། 1914ལོར་དངོས་སུ་ཤར་གཏོང་ཐུབ་པ་རེད། 1999ལོར་ཕ་ན་མས་སྐྱེལ་འདྲེན་གཉེར་སྐྱོང་བདག་དབང་བླངས་པ་དང་། 2016ལོར་མིས་བཟོས་གཙང་པོ་རྒྱས་བསྐྲུན་ལས་གྲྭ་མཇུག་འགྲིལ་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།