[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱིས་ཀྲུང་གོའི་མི་ཚོགས་ཀྱི་གཞི་གྱིན་རྒྱུད་འཛིན་གྱི་ཁྱད་ཆོས་ཀྱི་གསང་བ་ཐོག་མར་བརྟོལ་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-12

     ལྷོ་ཕྱོགས་ཀྱི་མིའི་རིམས་ནད་འགོག་ནུས་དེ་བས་ཆེ་བ་ཡོད་པ་དང་གཞི་གྱིན་གྱི་གྲངས་གཞི་ལས་མི་སྒེར་གྱི་གཟུགས་པོའི་རིང་ཚད་ཚོད་དཔག་ཐུབ་ལ། གཞི་གྱིན་གྱི་ཞིབ་དཔྱད་ལས་ཨ་ཙི་ཧའེ་མོ་ཡི་ནད་འགོ་ཚད་ཚོད་དཔག་བྱེད་ཐུབ། ཀྲུང་གོའི་ཚན་རིག་མཁས་ཅན་གྱིས་གཙོ་ཁྲིད་བྱས་པ་དང་ལོ་གཉིས་ཀྱི་དུས་ཚོད་རིང་ཀྲུང་གོ་བ་ཁྲི་14ཙམ་ལ་ཕྲུ་གུ་མ་བཙས་གོང་གི་གཞི་གྱིན་ཞིབ་དཔྱད་གྲངས་གཞིའི་ཞིབ་འཇུག་བྱས་པར་གྲུབ་འབྲས་ཆེན་པོ་ཐོབ་ཡོད། གྲུབ་འབྲས་དེ་དུས་ཐེངས་གསར་ཤོས་ཀྱི་རྒྱལ་སྤྱིའི་རིག་གཞུང་དུས་དེབ་རྩེ་གྲ《ཕྲ་ཕུང》ཞེས་པར་བཀོད་ནས་ཀྲུང་གོའི་མི་ཚོགས་ཀྱི་གཞི་གྱིན་གྱི་རྒྱུད་འཛིན་གྱི་ཁྱད་ཆོས་ཀྱི་གསང་བ་ཐོག་མར་བརྟོལ་ཡོད།

    རྒྱལ་ཁབ་རིམ་པའི་མི་ཚོགས་གཞི་གྱིན་ཚོ་པ་རིག་པའི་ཞིབ་འཇུག་དང་དེ་བཞིན་རྒྱུད་འཛིན་ཐོན་ཁུངས་སྲུང་སྐྱོང་དང་སྤྱོད་རྒྱུ་ནི་གནད་སྨིན་གསོ་རིག་གི་རྨང་གཞི་ཞིག་ཡིན་པ་དང་རྒྱལ་ཁབ་ཀྱི་སྐྱེ་དངོས་གསོ་རིག་ཁྱབ་ཁོངས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པར་ཐད་ཀར་ཤུགས་རྐྱེན་ཐོན་གྱི་ཡོད།

    རང་རྒྱལ་གྱི་རྒྱལ་ཁབ་ཀྱི་གཞི་གྱིན་མཛོད་དང་པོ་ཡིན་པའི་ཧྲེན་ཀྲེན་ཧྭ་ཏ་གཞི་གྱིན་མཛོད་ཀྱིས་2016ལོར“མི་ཚོགས་བརྒྱ་ཡི་གཞི་གྱིན་གྲངས་གཞི་ཆེ་མོའི་ཞིབ་འཇུག”རྣམ་གྲངས་དངོས་སུ་སྤེལ་འགོ་བཙུགས་ནས་རྒྱུད་འཛིན་རིག་པའི་ཞིབ་འཇུག་དང་གནད་སྨིན་གསོ་རིག་གི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རེ་བྱས་ཡོད། ད་ཐེངས《ཕྲ་ཕུང》དུས་དེབ་ཐོག་བཀོད་པ་ནི་རྣམ་གྲངས་དེའི་གྲུབ་འབྲས་ཐེངས་དང་པོ་དེ་རེད།

    རང་རྒྱལ་ནི་མི་འབོར་མང་ཞིང་ལོ་རྒྱུས་ཡུན་རིང་ལྡན་ཡང་དུས་ཡུན་རིང་པོར་ཚོད་ལྟའི་ཞིབ་འཇུག་གི་དཔེ་འཐེན་གང་ལེགས་མ་བྱུང་བས་ང་ཚོས་རང་ཉིད་ཀྱི་རྒྱུད་འཛིན་ཁྱད་ཆོས་ལ་ངོས་འཛིན་གང་ལེགས་བྱུང་མེད། ད་ཐེངས་ཀྱི་ཞིབ་འཇུག་ལ་ཧྭ་ཏ་ཡི་ཞིབ་འཇུག་ཚོགས་ཆུང་གིས་སྣ་མང་རང་བཞིན་གྱི་གནས་ཁྲི་904ཚུད་པའི་ཀྲུང་གོ་བའི་གཞི་གྱིན་གྱི་གྲངས་གཞིའི་མཛོད་གྲུབ་འབྲས་ཐོབ་པའི་ངང་བཙུགས་པའི་ནང་། སྣ་མང་རང་བཞིན་གྱི་གནས་ཁྲི་20ནི་ཐོག་མར་ཤེས་རྟོགས་བྱུང་བ་ཞིག་ཡིན་ལ། འདི་ནི་མིག་སྔར་དངོས་སུ་ཡོངས་བསྒྲགས་བྱས་པའི་གཞི་ཁྱོན་ཆེ་ཤོས་ཀྱི་ཀྲུང་གོའི་མི་ཚོགས་ཀྱི་གཞི་གྱིན་གྲངས་གཞིའི་མཛོད་རེད།

    གླེང་འོས་པ་ཞིག་ལ་ཞིབ་འཇུག་ཚོགས་ཆུང་གིས་ས་ཁུལ་གྱི་འཕྲེད་ཐིག་ཁ་ཕྱོགས་ཐད་རང་བྱུང་གི་བདམས་ཁ་ཆེ་བའི་གཞི་གྱིན་6གཏན་འཁེལ་བྱས་པ་དང་། ཁོང་ཚོའི་གཞི་གྱིན་འགུལ་ཚད་ཐད་ལྷོ་བྱང་དབར་ཧེ་བག་ཡོད་པ་མངོན་ཡོད་ལ། བཟའ་བཏུང་དང་། གནམ་གཤིས། ནད་ཀྱི་འབྱུང་རྩ་སོགས་ཁོར་ཡུག་རྒྱུ་རྐྱེན་དབང་གིས་ཀྲུང་གོའི་མི་ཚོགས་ཀྱི་རིམ་འགྱུར་ལ་གདམ་གའི་ནུས་པ་ཐོན་པ་གང་ལེགས་མངོན་ཡོད།

    དཔེར་ན། གནའ་རབས་ཀྱི་བྱང་ཕྱོགས་དང་ནུབ་བྱང་སོགས་ས་ཁུལ་ཏེ། ཤིན་ཅང་དང་། མཚོ་སྔོན། ནང་སོག་སོགས་ཞིང་ཆེན་དུ་སྔོ་ཚལ་རིགས་ཉུང་བས་ས་ཁུལ་དེ་དག་ཏུ་འཚོ་སྡོད་བྱེད་མཁན་གྱི་མི་རྣམས་ཤ་ཟ་ཚད་མང་བ་ཡོད། དེར་བརྟེན་ཞག་ཚིལ་རྙིང་ཚབ་གསར་བྱེད་བྱེད་ཚད་མང་བའི་གནས་ཚུལ་ཡོད། འོན་ཀྱང་གནའ་རབས་ཀྲུང་གོའི་ལྷོ་ཕྱོགས་སུ་རང་བྱུང་ཆ་རྐྱེན་ཞན་པ་དང་ནད་གཞིའི་སྐྱེ་དངོས་ཕྲ་རབ་དང་ལྷག་པར་དུ་འདར་ནད་ཁྱབ་ཆེ་བས་ས་གནས་དེ་གར་འཚོ་སྡོད་བྱེད་མཁན་མི་རྣམས་ཀྱི་རིམས་འགོག་ནུས་པ་ཡག་པོ་དགོས་ཀྱི་ཡོད།

    དེ་དང་ཆབས་ཅིག་ཞིབ་འཇུག་ཚོགས་ཆུང་གིས་ད་དུང་མི་ཚོགས་ཀྱི་རྒྱུད་འཛིན་བར་ཐག་གི་འགྱུར་ལྡོག་དང་གཞི་གྱིན་འཕེལ་ཕྱོགས་ལ་དབྱེ་ཞིབ་བྱས་པ་བརྒྱུད། རྒྱ་རིགས་དང་གྲངས་ཉུང་མི་རིགས་ཚོགས་སྤྱིའི་རྒྱུད་འཛིན་གྲུབ་ཆའི་ཁྱད་ཆོས་དང་ཀྲུང་གོའི་ཞིང་ཆེན་ཁག་དང་ཡོ་རོབ་དང་། ཨེ་ཤེ་ཡ་ལྷོ་མ། ཨེ་ཤེ་ཡ་ཤར་མ་བཅས་ཀྱི་མི་ཚོགས་ཀྱི་གཞི་གྱིན་སྤེལ་རེས་བྱེད་ཚད(ཡང་ན་ཕན་ཚུན་དབར་གཉེན་སྒྲིག་བྱེད་ཚད)མངོན་པ་དང་། དེང་རབས་ཀྲུང་གོ་བའི་རྒྱུད་འཛིན་ཁྱད་ཆོས་ལ་དུས་གཅིག་ཏུ་དར་གོས་ལམ་བུ་དང་ཉེ་རབས་མི་འབོར་གཞི་ཁྱོན་ཆེ་བའི་གནས་སྤོ་སོགས་རྒྱུ་རྐྱེན་གྱི་ཤུགས་རྐྱེན་མང་པོ་ཐེབས་པ་ཤེས་རྟོགས་བྱུང་ཡོད། ཀན་སུའུ་དང་ཀན་སུའུ་ཞིང་ཆེན་ཉེ་འགྲམ་གྱི་ཉིང་ཞ་དང་མཚོ་སྔོན་ཞིང་ཆེན་གྱི་རྒྱ་རིགས་ཀྱི་མི་ཚོགས་ཁྲོད་ཡོ་རོབ་མིའི་གྲུབ་ཆ་ལྡན་ཚད་ཞིང་ཆེན་གཞན་ལས་མཐོ་བ་ཡོད་པ་དང་། རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ཀྱི་ལྡབ་1.7ཡིན་ཞིང་0.115%ཟིན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།