[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་ཞིང་དུད་ཕྱེད་ཀ་ཡན་ལ་གཙང་སྦྲ་ལྡན་པའི་གསང་སྤྱོད་སྒྱུར་བཀོད་ལག་བསྟར་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-11

    འབྱོར་འབྲིང་ཡོང་མིན་གྱི་འགག་རྩ་མི་སེར་ལ་ལྟ་དགོས་པ་དང་མི་སེར་གྱི་འཚོ་བ་འབྱོར་འབྲིང་ལྡན་དགོས་ན་གསང་སྤྱོད་ནི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་རེད། གྲོང་གསེབ་ཏུ་གསང་སྤྱོད་སྒྱུར་བཀོད་ལག་བསྟར་བྱ་རྒྱུ་དེ་ནི་གྲོང་གསེབ་ཀྱི་མི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ཞིག་རེད། དུས་ཡུན་རིང་པོའི་ནང་གྲོང་གསེབ་ཀྱི་གསང་སྤྱོད་གཙང་མ་མེད་པ་དང་། སྟབས་བདེ་པོ་མེད་པ། སྤྱོད་མི་ཐུབ་པ་སོགས་ཀྱི་གནད་དོན་ལྷག་པ་དེ་མིག་སྔའི་ཞིང་པའི་འཚོ་བའི་སྤུས་ཚད་མཐོ་པོ་མེད་པའི་མངོན་གསལ་དོད་པའི་སྣང་ཚུལ་དུ་གྱུར་ཡོད། ཚེས་9ཉིན་ཀྲུང་དབྱང་གྲོང་གསེབ་ལས་དོན་གཞུང་དོན་ཁང་དང་ཞིང་ལས་གྲོང་གསེབ་པུའུ་སོགས་སྡེ་ཚན་གྱིས་འཚོགས་པའི་རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་གསང་སྤྱོད་སྒྱུར་བཀོད་ལས་དོན་ལ་སྐུལ་འདེད་གཏོང་བའི་ས་གནས་ས་ཐོག་གི་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། འབྲེལ་ཡོད་སྡེ་ཚན་ཁག་གི་སྐུལ་འདེད་ནུས་ལྡན་འོག་མིག་སྔར་གྲོང་གསེབ་ཀྱི་གསང་སྤྱོད་སྒྱུར་བཀོད་ལས་དོན་ལ་གྲུབ་འབྲས་ངེས་ཅན་ཞིག་ཐོབ་པ་དང་གྲོང་ཚོ་53.5%ཡི་གསང་སྤྱོད་སྒྱུར་བཀོད་ལེགས་སྒྲུབ་བྱུང་བའམ་ཡང་ན་ཆ་ཤས་ལེགས་སྒྲུབ་ཟིན་པ་དང་ཞིང་དུད་ཕྱེད་ཀ་ཙམ་གྱི་གསང་སྤྱོད་སྒྱུར་བཀོད་བྱས་པར་བརྟེན་ཞིང་པ་མང་ཚོགས་ཀྱི་ཤེས་དཔལ་འཕྲོད་བསྟེན་བྱང་ཚད་ལེགས་སུ་ཕྱིན་ཡོད། འདི་ལོའི་ལོ་མཇུག་ཏུ་ཀྲུང་དབྱང་གྲོང་གསེབ་གཞུང་དོན་ཁང་དང་ཞིང་ལས་གྲོང་གསེབ་པུའུ་ཡིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་འབྲེལ་ཡོད་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་གིས་སྤེལ་བའི་གྲོང་གསེབ་ཀྱི“གསང་སྤྱོད་གསར་བརྗེ”སོགས་གྲོང་གསེབ་ཀྱི་མི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ལས་དོན་ལ་དཔྱད་དཔོག་བྱས་པ་རེད།

    ཀྲུང་དབྱང་གྲོང་གསེབ་གཞུང་དོན་ཁང་གི་ཀྲུའུ་རེན་དང་ཞིང་ལས་གྲོང་གསེབ་པུའི་པུའུ་ཀྲང་ཧན་ཁྲང་ཕུའུ་ཡིས་གྲོང་གསེབ་དར་རྒྱས་འཆར་གཞི་དང་གྲོང་གསེབ་ཀྱི་མི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་གི་ལོ་གསུམ་བྱ་སྤྱོད་ཇུས་གཞི་ལྟར་ན། 2020ལོར་སླེབས་སྐབས་ཤར་རྒྱུད་ས་ཁུལ་དང་དབུས་ནུབ་རྒྱུད་ཀྱི་གྲོང་ཁྱེར་ཉེ་འདབས་ཁུལ་སོགས་རྨང་གཞི་ཡོད་པ་དང་ཆ་རྐྱེན་འཛོམས་པའི་ས་ཁུལ་དུ་རྩ་བའི་ཆ་ནས་གྲོང་གསེབ་དུད་ཚང་གི་གསང་སྤྱོད་སྒྱུར་བཀོད་ལེགས་གྲུབ་བྱ་རྒྱུ་དང་བཙོག་གཅིན་རྩ་བའི་ཆ་ནས་ཐག་གཅོད་བྱེད་པའམ་ཡང་ན་ཐོན་ཁུངས་ཅན་ལ་བརྟེན་ནས་བེད་སྤྱོད་བྱ་རྒྱུ་དང་འབྲེལ་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་རིམ་གྱིས་འཛུགས་རྒྱུ་དང་། དབུས་ནུབ་རྒྱུད་ཀྱི་རྨང་གཞི་ལེགས་པ་དང་ཆ་རྐྱེན་འཛོམས་པའི་ས་ཁུལ་དུ་གཙང་སྦྲ་ལྡན་པའི་གསང་སྤྱོད་ཁྱབ་ཚད་85%ཟིན་པ་བྱ་རྒྱུ། ས་ཐག་རིང་བ་དང་དཔལ་འབྱོར་དར་རྒྱས་འགོར་བའི་ས་ཁུལ་དུ་གཙང་སྦྲ་ལྡན་པའི་གསང་སྤྱོད་ཁྱབ་ཚད་མང་དུ་གཏོང་རྒྱུ་རེད་ཅེས་བཤད།

    གྲོང་གསེབ་ཀྱི་གསང་སྤྱོད་བསྐྲུན་པ་དང་དོ་དམ་ལ་དེ་བས་མཐོང་ཆེན་བྱས་ཤིང་། ཞིང་ལས་གྲོང་གསེབ་པུའུ་ཡིས་གྲོང་གསེབ་ཀྱི་སྤྱི་པའི་གསང་སྤྱོད་དང་ཡུལ་སྐོར་གསང་སྤྱོད་བདག་སྐྱོང་གི་ཚད་གཞི་ཁ་གསལ་བཏོན་པ་དང་གྲོང་གསེབ་ཞིང་དུད་ཀྱི་གསང་སྤྱོད་ཉམས་བཟོ་དང་བཙོག་གཅིན་བསྡུ་རུབ་བརྒྱུད་སྐྱེལ་གཙང་ཕྱག་བྱེད་མཁན་གྱི་འགན་འཁྲིའི་བྱེད་པོ་ཁ་གསལ་བཟོས་ནས་དུད་ཚང་དོ་དམ་ཐད་ལམ་ལུགས་ཡོད་པ་དང་། ཉམས་བཟོའི་མ་དངུལ་ཡོད་པ། གསང་སྤྱོད་བདག་སྐྱོང་བྱེད་མཁན་ཡོད་པ་བཅས་བྱས་ཏེ་ཚན་ལྡན་ཅན་གྱི་འཁོར་སྐྱོད་ཉམས་བཟོའི་ལམ་སྲོལ་ཆགས་ཡོད། དེ་དང་ཆབས་ཅིག་གཙང་སྤྱོད་ཀྱི་བཙོག་གཅིན་གནོད་མེད་ཅན་གྱི་ཐག་གཅོད་ལ་སྐུལ་འདེད་བཏང་བ་དང་ཡུལ་བབ་དང་བསྟུན་ནས་གསང་སྤྱོད་ཀྱི་བཙོག་གཅིན་ཁག་དབྱེ་ཐག་གཅོད་དང་གཅིག་སྡུད་ཐག་གཅོད་དམ་ཡང་ན་མདོང་ལམ་དང་མཐུད་ནས་གཅིག་གྱུར་ཐག་གཅོད་བྱས་པ་མ་ཟད། དུད་སྦྲེལ་དང་། གྲོང་སྦྲེལ། གྲོང་རྡལ་བཅས་གཞི་གཅིག་ཅན་གྱི་སྒོ་ནས་བཅོས་སྒྲིག་བྱ་རྒྱུར་སྐུལ་ལྕག་བྱས་ཡོད། བཙོག་གཅིན་རྫས་ལུད་དུ་སྤྱོད་པ་དང་བཙོག་ཆུ་ཚད་ལོན་འབུད་གཏོང་སོགས་དཔལ་འབྱོར་ཉེར་སྤྱོད་ལག་རྩལ་གྱི་བྱེད་ཐབས་འཚོལ་ཞིབ་ཧུར་ཐག་བྱས་ཏེ་བཙོག་གཅིན་འབུད་གཏོང་དང་བེད་སྤྱོད་ཡག་པོ་བྱས་ཡོད། དེ་དང་ཆབས་ཅིག་སྲིད་གཞུང་གིས་སྣེ་ཁྲིད་དང་ཞིང་པ་ཞུགས་པའི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་པ་དང་སྲིད་གཞུང་སྡེ་ཚན་གྱིས་གཙོ་གནད་འཆར་འགོད་སྣེ་ཁྲིད་དང་། སྲིད་ཇུས་ཁྲིད་སྟོན། དཔེ་སྟོན་ཁྱབ་གདལ་བཅས་ལ་དམ་འཛིན་ཡག་པོ་བྱས་ཏེ་ཞིང་པའི་འདོད་པར་བརྩི་འཇོག་གང་ལེགས་དང་ཞིང་པ་གསང་སྤྱོད་སྒྱུར་བཀོད་ལས་དོན་ལ་ཞུགས་པའི་ཧུར་བརྩོན་རང་བཞིན་སྐོང་འཐེན་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།