[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཕྲུ་གུ་སློབ་གྲྭ་འགྲིམས་པའི་སློབ་ཡོན་སྲིད་གཞུང་ནས་བཏང་བ།

    —— མཚོ་སྔོན་འབྲོག་ཁུལ་གྱི་སློབ་ཡོན་མི་དགོས་པའི་སློབ་ཞུགས་གོང་གི་སློབ་གསོའི་མཐོང་ཐོས།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-05-16

    དྲོ་འཇམ་ཉི་འོད་རབ་ཏུ་བཀྲ་བའི་ཕྱི་དྲོ་ཞིག་ལ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རེབ་གོང་རྫོང་མགར་རྩེ་ཤང་གི་ཞག་སྡོད་སློབ་གྲྭའི་ལུས་རྩལ་ཐང་དུ་ལོ་54ལ་སླེབས་པའི་བོད་རིགས་བུད་མེད་པད་མ་སྐྱིད་དང་རྒན་མོ་འགའ་ཞིག་ཕྲུ་གུའི་སློབ་ཕྱིའི་བྱེད་སྒོར་བལྟས་ནས་བསྡད་ཡོད།

    པད་མ་སྐྱིད་ནི་མགར་རྩེ་ཤང་ཤི་ཧ་ལའེ་གྲོང་ཚོའི་གྲོང་མི་ཡིན་ཞིང་། ཁོང་གིས“ངས་ཚ་བོ་ཆུང་བ་བཀྲ་ཤིས་དབང་རྒྱལ་བུ་བཅོལ་ཁང་ལ་བསྐྱལ་རྗེས་ཞོར་དུ་ཁོང་ཚོའི་སློབ་ཕྱིའི་བྱེད་སྒོར་ལྟ་ཡི་ཡོད། ད་ཆ་ཕྲུ་གུ་སློབ་གྲྭ་འགྲིམ་སྐབས་ཁྱིམ་དང་ཐག་ཉེ་བ་མ་ཟད་སློབ་ཡོན་ཡང་སྐྱེལ་དགོས་མི་འདུག་པས་དངོས་གནས་དུས་སྐབས་བཟང་པོར་སྐྱེས་འདུག”ཅེས་བཤད། མགར་རྩེ་ཤང་གི་ཆ་སྙོམས་ས་བབ་མཐོ་ཚད་སྨི་3200ཙམ་ཟིན་པ་དང་རེབ་གོང་རྫོང་གི་འབྲོག་ལས་ཤང་གསུམ་གྱི་གྲས་ཤིག་ཡིན་ཞིང་། དེའི་ཁོངས་ཀྱི་གྲོང་མི་མང་ཆེ་བ་བོད་རིགས་ཡིན། ཡུལ་དེར་འཚོ་གནས་བྱེད་མཁན་པད་མ་སྐྱིད་དང་བཅས་པའི་ནང་མི་7པོ་ཕྱུགས་འཚོས་ནས་འཚོ་བ་སྐྱེལ་བ་དང་། ཁོང་གིས་རང་ཉིད་སློབ་གྲྭ་འགྲིམ་མྱོང་མེད་པར་འགྱོད་པ་ཆེན་པོ་སྐྱེ་ཡི་འདུག་ཅེས་བློ་ཕམ་དང་བཅས་ཏེ་བརྗོད། 

    “ངའི་བུ་རྒྱ་མཚོ་ཡང་སློབ་གྲྭ་འགྲིམ་མྱོང་མེད། དེར་བརྟེན་ཚ་བོ་བཀྲ་ཤིས་དབང་རྒྱལ་བུ་བཅོལ་ཁང་འགྲིམ་པའི་ན་ཚོད་ལ་སླེབས་མ་ཐག་ང་ཚོས་སློབ་གྲྭར་བསྐྱལ་བ་ཡིན། ཁོ་པས་ཤེས་བྱ་ཡག་པོ་སྦྱངས་ནས་ཕྱིས་འབྱུང་དགེ་རྒན་ཞིག་བྱ་རྒྱུའི་རེ་བ་ཡོད”ཅེས་པད་མ་སྐྱིད་ཀྱིས་དེ་ལྟར་བཤད།

    ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་ནོར་སྲིད་ཆུང་ངུར་བརྟེན་ནས་དམངས་འཚོའི་དོན་ཆེན་བསྒྲུབས་ཤིང་། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་སྔ་རྗེས་སུ་སྒོར་དུང་ཕྱུར་20ལྷག་ཙམ་སློབ་ཞུགས་གོང་གི་སློབ་གསོ་འཕེལ་རྒྱས་གཏོང་རྒྱུར་སྤྱད་པ་མ་ཟད། 2016ལོའི་དཔྱིད་དུས་ནས་བཟུང་ཞིང་ཆེན་དེའི་འབྲོག་ཁུལ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་འབོར་དབུལ་པོའི་ཁྲོད་དུ་ལོ་15ཡི་སློབ་ཡོན་མི་དགོས་པའི་སློབ་གསོའི་ལམ་ལུགས་ལག་ལེན་བསྟར་ཏེ་སློབ་ཞུགས་གོང་གི་སློབ་གསོ་ཚུད་པ་ཁ་གསལ་བཏོན་ཡོད། 

    “ང་ཚོའི་སློབ་གྲྭར་དེ་སྔོན་བུ་བཅོལ་ཁང་མེད། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་ཁྱབ་གདལ་བཏང་བ་དང་སྦྲགས་2014ལོར་སློབ་ཆུང་ལ་བརྟེན་ནས་ལོ་གཉིས་ལམ་ལུགས་ཀྱི་སློབ་ཞུགས་གོང་གི་སློབ་གསོ་གཉེར་ཡོད”ཅེས་མགར་རྩེ་ཤང་གི་ཞག་སྡོད་སློབ་གྲྭའི་བུ་བཅོལ་ཁང་གི་དགེ་རྒན་ཀུན་མཐར་སྐྱིད་ཀྱིས་དེ་ལྟར་བཤད་ཅིང་། ཁོང་གིས་སློབ་ཞུགས་གོང་གི་སློབ་གསོ་ཐོབ་མྱོང་མེད་པའི་བྱིས་པ་དང་བསྡུར་ན་སློབ་གསོ་ཐོབ་མྱོང་ཡོད་པའི་བྱིས་པ་རྣམས་ན་ཟླ་ལས་བློ་བག་ཡངས་བ་དང་གོ་བ་ལེན་ཚད་ཀྱང་ལེགས་པས། སླད་ཕྱིན་སློབ་གྲྭའི་དགེ་རྒན་མང་དུ་ཕྱིན་རྗེས་ད་དུང་ལོ་གསུམ་ལམ་ལུགས་ཀྱི་སློབ་ཞུགས་གོང་གི་སློབ་གསོ་འཕེལ་རྒྱས་གཏོང་རྒྱུ་རེད་ཅེས་བཤད།

    རེབ་གོང་རྫོང་བུ་བཅོལ་ཁང་བཙུགས་ནས་ལོ་36སོང་ཞིང་། 2016ལོར་སློབ་ཡོན་རྩ་ཆག་བཏང་བ་དང་། དེ་སྔ་འཛིན་གྲྭ་3ལས་མེད་པ་ནས་ད་ཆ་འཛིན་གྲྭ་8བར་མང་དུ་བཏང་ཡོད།

    “འདི་ལོ་བུ་བཅོལ་ཁང་དུ་སློབ་མ་319ཡོད་པ་དང་སློབ་གྲྭ་འགྲིམ་མུས་ཀྱི་སློབ་མ་མང་ཤོས་ཀྱི་ལོ་ཞིག་ཡིན། ད་ཆ་འཛིན་གྲྭ་རེར་ཆེད་བསྐོས་དགེ་རྒན་དང་བུ་རྫི་ཡོད”ཅེས་བུ་བཅོལ་ཁང་གི་འགན་འཛིན་དབང་མཚོས་དེ་ལྟར་བཤད།

    གསར་འགོད་པས་རེབ་གོང་རྫོང་བུ་བཅོལ་ཁང་ནང་བདེ་སྲུང་ཁང་དང་། ཐབ་ཚང་། ཁང་ནང་གི་ཤུད་སྐས་སོགས་བཀོད་སྒྲིག་བྱས་ཡོད་པ་དང་། སློབ་ཁང་གི་གང་སར་ཕྲུ་གུ་ཚོའི་ལག་ཤེས་བརྩམས་ཆོས་ཏེ་དཔེར་ན་སྲོག་ཆགས་ཀྱི་གདོང་འབག་དང་མེ་ཏོག་བཟོ་ལྟའི་རླུང་དྲིལ་སོགས་ཡོད་པས་ཁང་ནང་བྱིས་པ་སྤྲོ་སྣང་གིས་ཁེངས་པ་མཐོང་།

    “ད་ཆ་ང་ཚོས་སློབ་ཆས་དང་གློག་རྡུལ་ཅན་སྤྱད་ནས་སློབ་ཚན་ཁྲིད་ཀྱི་ཡོད་པས་གྲོང་ཁྱེར་ཆེ་མོའི་བུ་བཅོལ་ཁང་དང་ཆ་རྐྱེན་འདྲ་པོ་ཡོད”ཅེས་དབང་མཚོས་བཤད།

    མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་གི་བསྡོམས་རྩིས་གསར་ཤོས་ལས་མངོན་དོན། མིག་སྔར་མཚོ་སྔོན་དུ་རང་ཚུགས་ཀྱི་བུ་བཅོལ་ཁང་1667དང་སློབ་གྲྭ་འགྲིམ་མུས་ཀྱི་བྱིས་པ་ཁྲི་20ཙམ་ཡོད་པས་བུ་བཅོལ་ཁང་དུ་ཞུགས་མཁན་བྱིས་པ་ལོ་རེ་བཞིན་མང་དུ་འགྲོ་གི་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་མཚོ་སྔོན་གྱིས་སློབ་གསོའི་ཐོན་ཁུངས་རྒྱ་ཆེར་དང་སློབ་གསོའི་གཞུང་དྲང་ལ་སྐུལ་འདེད་གཏོང་རྒྱུ་གཙོ་གནད་དུ་བྱས་ཏེ་འབྲོག་ཁུལ་གྱི་སློབ་ཞུགས་གོང་གི་སློབ་གསོ་གཏོང་ཤུགས་མུ་མཐུད་མགྱོགས་སུ་གཏོང་རྒྱུ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།