[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་དབྱང་ཁེ་ལས་ཀྱི་དབུལ་སྐྱོར་ཐེབས་རྩས་ཞིང་ཆེན་9རུ་ཡན་ལག་ཐེབས་རྩ་བཙུགས་ནས་གཞི་ཁྱོན་བསྡོམས་འབོར་སྒོར་དུང་ཕྱུར་54ཟིན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-04-16

    ཤིན་ཧྭ་གསར་འགྱུར་ཁང་ཤིས་ཨན་ནས་ཟླ་4ཚེས་13ཉིན་གློག་འཕྲིན་འབྱོར་གསལ། འདི་ལོའི་ཟླ་3པའི་བར། ཀྲུང་དབྱང་ཁེ་ལས་ཀྱི་ས་ཁུལ་དབུལ་པོའི་ཐོན་ལས་མ་འཇོག་ཐེབས་རྩ(ཀྲུང་དབྱང་དབུལ་སྐྱོར་ཐེབས་རྩ)ཡིས་གཙོ་གནད་ཞིང་ཆེན་9རུ་ཡན་ལག་ཐེབས་རྩ་བཙུགས་པར་གཞི་ཁྱོན་བསྡོམས་སྒོར་དུང་ཕྱུར་54ཟིན་ཡོད། ཡན་ལག་ཐེབས་རྩ་ཁག་གིས་ས་གནས་ཀྱི་ཞིང་ཆེན་རིམ་པའི་མ་དངུལ་གཏོང་བསྡུའི་ལས་སྟེགས་དང་མཉམ་ལས་ཀྱིས་སྤྱི་ཚོགས་མ་རྩ་སྐུལ་སློང་བྱས་ཏེ་ས་ཁུལ་དབུལ་པོའི་ཐོན་ལས་འཕེལ་རྒྱས་ལ་ཐུན་མོང་ཐོག་རྒྱབ་སྐྱོར་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་དང་མི་འབོར་དབུལ་པོ་རྒྱུན་མཐུད་དབུལ་སྒྲོལ་ཐུབ་རྒྱུར་རོགས་སྐྱོར་བྱས་ཡོད་པ་རེད།

    འདི་ནི་གསར་འགོད་པས་ཚེས་12དང་ཚེས་13ཉིན་འཚོགས་པའི“ཀྲུང་དབྱང་ཁེ་ལས་ཀྱི་ས་ཁུལ་དབུལ་པོའི་ཐོན་ལས་མ་འཇོག་ཡན་ལག་ཐེབས་རྩའི་མནའ་འབྲེལ་གྱི་2018ལོའི་སྤེལ་རེས་ཚོགས་འདུའི”ཐོག་ནས་ཤེས་རྟོགས་ཐུབ་པའི་ཆ་འཕྲིན་ཡིན་པ་རེད།

    ཀྲུང་དབྱང་ཁེ་ལས་ཀྱི་དབུལ་སྐྱོར་ཐེབས་རྩ་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཝང་ཝེ་ཏུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཀུའེ་ཀྲོའུ་དང་། ཧོ་ནན། ཅང་ཤིས། ཧུའུ་ནན། ཧྲའན་ཤིས། ཨན་ཧུའེ། ཡུན་ནན། མཚོ་སྔོན། ཧེ་ལུང་ཅང་སོགས་ཞིང་ཆེན་དགུ་པོ་ནི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཆེ་བའི་ས་ཁུལ་དང་། མཐའ་མཚམས་ས་ཁུལ། ནུབ་རྒྱུད་ས་ཁུལ། མི་རིགས་ས་ཁུལ། གསར་བརྗེའི་ཁུལ་རྙིང་པ་སོགས་སུ་གནས་པའི་རྐྱེན་གྱིས་མི་འབོར་དབུལ་པོ་ཅུང་མང་བ་དང་། དམངས་འཚོའི་གནད་དོན་མངོན་གསལ་དོད་པ། ཐོན་ལས་ཁ་ཚ་དགོས་གཏུགས་ངང་འཕེལ་རྒྱས་གཏོང་དགོས་པ་བཅས་ཡིན་སྟབས། ཀྲུང་དབྱང་ཁེ་ལས་ཀྱི་དབུལ་སྐྱོར་ཐེབས་རྩས་ཞིང་ཆེན་དེ་དག་ཏུ་ཡན་ལག་ཐེབས་རྩ་བཙུགས་པ་དང་འབྲེལ། ན་ནིང་གི་ཟླ་10པར་ཡན་ལག་ཐེབས་རྩའི་མནའ་འབྲེལ་ཐུན་མོང་ཐོག་བཙུགས་པ་རེད།

    འདི་ལོའི་ཟླ་3པའི་བར། ཀྲུང་དབྱང་ཁེ་ལས་ཀྱི་དབུལ་སྐྱོར་ཡན་ལག་ཐེབས་རྩའི་མནའ་འབྲེལ་གྱིས་ཁྱོན་རྣམ་གྲངས་13ལ་མ་དངུལ་བཏང་བར་དངུལ་འབོར་སྒོར་དུང་ཕྱུར་12.84དང་། གྲབས་གསོག་རྣམ་གྲངས་40ལྷག་ཙམ་ཟིན་ནས་སྔོན་དཔག་བྱས་ན་སྤྱི་ཚོགས་ཀྱི་མ་རྩ་སྒོར་དུང་ཕྱུར་210ལྷག་ཙམ་ས་ཁུལ་དབུལ་པོར་གཏོང་རྒྱུར་ཁྲིད་སྟོན་ཐུབ་རྒྱུ་རེད། དངོས་ཡོད་ཕན་འབྲས་ནས་བལྟས་ན། མིག་སྔར་མ་འཇོག་བྱས་པའི་རྣམ་གྲངས་ཀྱིས་ས་ཆ་དེ་གའི་ཡུལ་སྐོར་ལས་རིགས་དང་། འབྲོག་ལས། བཟོ་ལས། ནུས་རྒྱུ་གསར་པ་སོགས་ཀྱི་ལས་རིགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་ཐུབ་པ་དང་། ས་ཁུལ་དབུལ་པོའི་རང་ངོས་འཕེལ་རྒྱས་ནུས་པ་ཆེ་རུ་ཕྱིན་ཡོད།

    “ཀྲུང་དབྱང་ཁེ་ལས་ཀྱི་དབུལ་སྐྱོར་ཐེབས་རྩའི་སྤྱིའི་བཀོད་སྒྲིག་གཞིར་བཟུང་འདི་ལོར་ད་ཡོད་ཀྱི་ཡན་ལག་ཐེབས་རྩས་མ་འཇོག་ཚང་མ་ལེགས་གྲུབ་བྱ་དགོས་ཤིང་། མ་དངུལ་ལྷག་མ་རྣམས་ས་ཁུལ་དབུལ་པོའི་ཐོན་ལས་དབུལ་སྐྱོར་གྱི་རྣམ་གྲངས་ཐད་གཏོང་དགོས”ཝང་ཝེ་ཏུང་གིས་ཡན་ལག་ཐེབས་རྩ་ཁག་གིས་མ་འཇོག་ཉེན་ཁ་ཚོད་འཛིན་བྱེད་པའི་སྔོན་འགྲོའི་འོག་མ་འཇོག་གི་མྱུར་ཚད་མགྱོགས་སུ་བཏང་སྟེ་ཐེབས་རྩའི་དབུལ་སྐྱོར་ཕན་འབྲས་སྔ་ཙམ་འདོན་སྤེལ་ཐུབ་པར་བྱེད་དགོས་ཞེས་བཤད།

    2016ལོའི་ཟླ་10པར་བཙུགས་པའི་ཀྲུང་དབྱང་ཁེ་ལས་ཀྱི་དབུལ་སྐྱོར་ཐེབས་རྩ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ཨུ་ལྷན་གྱིས་སྣེ་ཁྲིད་པ་དང་། ནོར་སྲིད་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གིས་འཛུགས་རྒྱུའི་སྐུལ་སློང་ནང་ཞུགས་པ་ཞིག་ཡིན་ཞིང་། མིག་སྔར་རྐང་བདག་104ཟིན་ནས་གཞུང་ཁོངས་རྒྱུ་ནོར་ཨུ་ལྷན་གྱིས་ལྟ་སྐུལ་དོ་དམ་བྱེད་པའི་ཀྲུང་དབྱང་ཁེ་ལས་ཚང་མ་དང་། ནོར་སྲིད་པུའི་མ་དངུལ་འདོན་པའི་འགན་འཁྲི་འཁུར་བའི་ཀྲུང་དབྱང་གི་ཁེ་ལས་ཁ་ཤས་ལ་ཁྱབ་པ་དང་། དུས་ཐེངས་གཉིས་པོའི་མ་དངུལ་བསྡུ་བའི་གཞི་ཁྱོན་སྒོར་དུང་ཕྱུར་154ཟིན་ཡོད། ཐེབས་རྩ་དེ་རྒྱལ་ཁབ་གསར་སྤེལ་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སིས་ཆེད་མངགས་བཙུགས་པའི་ཆེད་ལས་ཅན་གྱི་ཐེབས་རྩ་དོ་དམ་སྒྲིག་གཞི་སྟེ། རྒྱལ་ཁབ་མ་འཇོག་ཁེ་གཏོད་ཐོན་ལས་ཐེབས་རྩ་དོ་དམ་ཚད་ཡོད་ཀུང་སིས་མངགས་བཅོལ་ལྟར་དོ་དམ་བྱེད་པ་ཞིག་ཡིན།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།