[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཨུ་ཡོན་ཆུས་ཧྥེང་ཧུང་གིས་བདེ་ཐང་གི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་དགོས་ཞེས་གསུངས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-13

     ཚེས་10ཉིན་ཨུ་ཡོན་ཆུས་ཧྥེང་ཧུང་གིས་ཞིང་བཟོ་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གཏམ་བཤད་གནང་སྐབས། ནད་གཞིས་རྐྱེན་པས་དབུལ་པོར་བསྒྱུར་བ་དང་ནད་གཞིས་རྐྱེན་པས་དབུལ་པོར་བསྐྱར་ལོག་བྱེད་པ་ནི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཁྲོད་ཀྱི་གཙོ་རྒོལ་ཁ་ཕྱོགས་ཀྱི་གྲས་ཤིག་རེད། ནུས་ལྡན་གྱི་ནད་ཆེན་འགན་སྲུང་ལག་བསྟར་བྱ་རྒྱུ་གཙོ་གནད་ལ་བརྩིས་ནས་ནད་གཞི་ཡག་པོ་བཅོས་པ་དང་སྨན་བཅོས་འགྲོ་གྲོན་ཐག་གཅོད་ཡག་པོ་བྱ་རྒྱུ་ནི་མིག་སྔའི་ལས་འགན་གཙོ་བོ་གཉིས་ལ་བརྩི་དགོས་ཞེས་གསུངས་པ་རེད།

    ཆུས་ཧྥེང་ཧུང་གིས་ནད་གཞིས་རྐྱེན་པས་དབུལ་པོར་བསྒྱུར་བ་དང་དབུལ་པོར་བསྐྱར་ལོག་བྱེད་པ་ནི་རང་རྒྱལ་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ཡག་པོ་མ་བྱུང་བ་དང་། སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་དེ་གྲོང་ཁྱེར་དང་གྲོང་གསེབ་དང་། མི་ཚོགས་བཅས་ཀྱི་ཁྲོད་དུ་བཀོད་སྒྲིག་དོ་སྙོམས་མ་བྱུང་བའི་དངོས་ཡོད་ཀྱི་གནས་ཚུལ་ཞིག་རེད། བདེ་ཐང་གི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པར་ངེས་པར་དུ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་འཇུར་མིག་གི་གནད་དོན་ཐག་གཅོད་བྱེད་དགོས། གཙོ་གནད་ནི“ལྗོངས་གསུམ་དང་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་ལ་དམིགས་ནས་རྒན་རྒོན་དང་། དབང་པོ་སྐྱོན་ཅན། ནད་གཞི་ལྕི་པོ་ཕོག་མཁན་བཅས་མི་སྣ་རིགས་གསུམ་ལ་དོ་ཁུར་བྱེད་དགོས་པ་དེ་རེད་ཅེས་གསུངས།

    སྨན་བཅོས་སྐྱོབ་རོགས་བྱེད་སྟངས་གསར་གཏོད་བྱེད་པའི་ཐད་ཆུས་ཧྥེང་ཧུང་གིས། རྒྱལ་ཁབ་རིམ་ངོས་སུ“ལྗོངས་གསུམ་དང་ཀྲོའུ་གསུམ”ལ་ཡུན་རིང་གཏན་འཇགས་ཀྱི་སྨན་བཅོས་རོགས་སྐྱོབ་ལམ་ལུགས་བཙུགས་ནས་གྲོང་ཁྱེར་ཆེ་མོའི་སྤུས་ལེགས་སྨན་བཅོས་ཐོན་ཁུངས་ས་ཁུལ་དབུལ་པོའི་གཞི་རིམ་དུ་ནུས་ལྡན་ངང་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། ཤར་རྒྱུད་ས་ཁུལ་གྱི་རིགས་གཅིག་མཁས་ཅན་ཚོགས་ཆུང་ལས་གྲུབ་པའི་སྨན་བཅོས་རུ་ཁག་ཡུན་རིང་ས་ཁུལ་དབུལ་པོར་བཅའ་སྡོད་བྱས་ནས་ནད་རིགས་ལ་གཞིགས་ཏེ་ནད་ཆེན་རིགས་དབྱེ་དང་གྲལ་བཤེར་གྱིས་སྐྱོབ་བཅོས་བྱས་ནས་ས་གནས་དེ་གར་ནད་ཆེན་སྐྱོབ་བཅོས་དང་གཅོང་ནད་དོ་དམ་ཞབས་ཞུའི་ཚོགས་པ་ཞིག་ཆགས་རྒྱུར་རམ་འདེགས་བྱེད་པ་དང་འབྲེལ་རྩོལ་བྱུང་རིག་ནུས་དང་། དྲ་སྦྲེལ། གཞི་གྲངས་ཆེ་མོ་སོགས་ཀྱི་ལག་རྩལ་གསར་པ་བེད་སྤྱོད་གང་ལེགས་བྱས་ཏེ་རྒྱང་ཁྲིད་སྨན་བཅོས་དང་སློབ་གསོ་གསོ་སྦྱོང་གིས་ལག་རྩལ་དང་། ཐོན་ཁུངས། ཤེས་ལྡན་མི་སྣ་བཅས་ཤིན་ཏུ་དབུལ་བའི་ས་ཁུལ་དང་མཉམ་འདྲེས་ཐུབ་པ་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།

    ཆུས་ཧྥེང་ཧུང་གིས་ཕྱི་ཕྱོགས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ནང་ཁུལ་གྱི་ནུས་པ་ཆེ་རུ་གཏོང་རྒྱུ་གཉིས་ཀར་ཤུགས་སྣོན་བརྒྱབ་ནས་རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིས་སྨན་བཅོས་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་བཏང་སྟེ་མི་ཚོགས་དབུལ་པོའི་ནད་ཆེན་སྨན་བཅོས་དང་གཅོང་ནད་ཚོད་འཛིན་ཐུབ་པ་བྱེད་དགོས། ཀྲུང་དབྱང་ནོར་སྲིད་ཀྱིས་རོགས་སྐྱོར་བྱས་ཏེ་ས་ཁུལ་དབུལ་པོའི་རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་ཚད་ལྡན་ཅན་འཛུགས་སྐྱོང་ལེགས་གྲུབ་ཡོང་བ་དང་། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་གྲོང་ཚོའི་འཕྲོད་བསྟེན་ཁང་འཛུགས་སྐྱོང་ལ་གཙོ་གནད་དུ་རྒྱབ་སྐྱོར་བྱས་ནས་གྲོང་གསེབ་ཀྱི་འཐུང་ཆུ་དང་གསང་སྤྱོད་ཀྱི་འཕྲོད་བསྟེན་ཆ་རྐྱེན་ལེགས་སུ་གཏོང་དགོས་ཞེས་གསུངས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།