[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་གི་དུས་ཐེངས་གཉིས་པའི་ལས་གྲྭར་སྒོར་དུང་ཕྱུར་100ཙམ་བཏང་བ།

    ས་གནས་དེ་གའི་སྣོད་བཅུད་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-02-13

    ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། གསར་འགོད་པར་མཚོ་སྔོན་ཞིང་ཆེན་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་དུས་ཐེངས་གཉིས་པའི་ལས་གྲྭ་ལག་བསྟར་བྱས་ནས་ལོ་4སོང་རིང་ས་ཁུལ་དེའི་སྣོད་བཅུད་བཅོས་སྐྱོང་ཐད་རྒྱལ་ཁབ་ཀྱིས་སྒོར་དུང་ཕྱུར་100ཙམ་བཏང་ཡོད། ལྟ་ཞིབ་ཚད་ལེན་གྱི་འབྲས་བུ་གསར་ཤོས་ལས་མངོན་པར། ས་གནས་དེའི་སྣོད་བཅུད་གནས་ཚུལ་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་བཞིན་ཡོད་པ་རེད།

    མཚོ་སྔོན་ཞིང་ཆེན་གྱི་ལྷོ་རྒྱུད་དུ་གནས་པའི་གཙང་གསུམ་ཆུ་འགོའི་ས་ཁུལ་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཁུངས་དང་ཆུ་རྩ་གསོ་འཁྱོངས་ཁུལ་ཡིན་པ་རེད། དུས་རབས་གོང་མའི་དུས་མཇུག་ཏུ་མིའི་རིགས་ཀྱིས་བྱེད་སྒོ་སྤེལ་བ་དང་གནམ་གཤིས་འགྱུར་ལྡོག་སོགས་རྒྱུ་རྐྱེན་གྱིས་རྐྱེན་པས་ས་གནས་དེ་གའི་སྣོད་བཅུད་རིམ་བཞིན་ཞན་དུ་ཕྱིན་ཡོད་པ་རེད། 2005ལོར་རང་རྒྱལ་གྱིས་དུས་ཡུན་ལོ་9རིང་གི་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་དུས་ཐེངས་དང་པོའི་ལས་གྲྭ་ལག་བསྟར་བྱེད་འགོ་བཙུགས་ནས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་7605བཏང་བས་ས་ཁུལ་དེའི་སྣོད་བཅུད་ཞན་དུ་འགྲོ་ཚུལ་བཀག་འགོག་རགས་ཙམ་ཐུབ་ཡོད་པ་རེད། 2014ལོའི་ཟླ་དང་པོར་གཏོང་ཆ་མང་ཤོས་དང་ཚད་གཞི་ནན་ཤོས་ཀྱི་དུས་ཐེངས་གཉིས་པའི་ལས་གྲྭ་མུ་མཐུད་ལག་བསྟར་བྱེད་འགོ་བཙུགས་ནས་སྣོད་བཅུད་སླར་གསོ་དང་བཅོས་སྐྱོང་བྱེད་ཚད་སྤྱི་ལེ་ངོས་གྲུ་ཁྲི་39.5ཟིན་ཡོད་པ་རེད།

    མཚོ་སྔོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་ཞའོ་ནན་གྱིས་ངོ་སྤྲོད་བྱས་པར། གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་གི་དུས་ཐེངས་གཉིས་པའི་ལས་གྲྭ་ལག་བསྟར་བྱས་ནས་ད་བར་ལོ་4ཡི་རིང་རྒྱལ་ཁབ་ཀྱིས་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་97.11བཏང་ནས་འཆར་འགོད་ཀྱི་སྤྱིའི་མ་དངུལ་གྱི་60.5%ལེགས་གྲུབ་ཟིན་ཡོད་པ་རེད། མི་ཐབས་ལ་བརྟེན་ནས་རྩྭ་གསབ་འདེབས་དང་རྩྭ་ཐང་གི་གནོད་ལྡན་སྐྱེ་དངོས་སྔོན་འགོག་ཚོད་འཛིན་ལ་སྐུལ་འདེད་གཏོང་རྒྱུ་སོགས་ཀྱི་བྱ་ཐབས་རབ་དང་རིམ་པ་བརྒྱུད་ས་ཁུལ་དེའི་རྩྭ་ཐང་ཉམས་ཞན་དུ་འགྲོ་ཚད་ཅུང་འགོར་དུ་ཕྱིན་པ་དང་། ཆུ་རྩ་གསོ་འཁྱོངས་ནུས་པ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། ས་ཆུ་སྲུང་འཛིན་གྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་པ་རེད།

    རྒྱང་ཚོར་ལྟ་ཞིབ་ཚད་ལེན་གྱི་འབྲས་བུ་གསར་ཤོས་ལས་མངོན་པར། དུས་ཐེངས་གཉིས་པའི་ལས་གྲྭ་ལག་བསྟར་བྱས་ནས་ལོ་4སོང་རིང་ས་གནས་དེའི་སྡོང་ཐུང་ནགས་ཚལ་ཆ་སྙོམས་ཁྱབ་ཚད་0.21%ཆེ་རུ་ཕྱིན་ནས་ཆ་སྙོམས་མཐོ་ཚད་ལི་སྨི་0.82འཕར་བ་དང་། བྱེ་འགྱུར་ས་ཆའི་སྔོ་ཁེབས་ཚད་གཞི་33.36%ནས་39.4%བར་འཕར་བ། འདམ་རའི་སྔོ་ཁེབས་ཚད་གཞི་4.67%འཕར་ཡོད་པ་བཅས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།