[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་ཧན་གོའི་ཙུང་ཐུང་ཝུན་ཙའེ་ཡིན་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-13

    ཚེས་11ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་ཧན་གོའི་ཙུང་ཐུང་ཝུན་ཙའེ་ཡིན་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།

    ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ཐུང་གིས་མི་རིང་བའི་གོང་ཀྲུང་གོར་གྲུབ་འབྲས་ཐོབ་པའི་ངང་རྒྱལ་དོན་འཚམས་འདྲི་གནང་ནས། ཕྱོགས་གཉིས་པོས་ཀྲུང་ཧན་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་དང་གཙོ་གནད་ས་ཁུལ་དང་རྒྱལ་སྤྱིའི་གནད་དོན་གྱི་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ནས་ཕན་ཚུན་ཡིད་ཆེས་ཟབ་ཏུ་དང་མཉམ་ལས་ལ་ཤུགས་སྣོན་ཐེབས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཧན་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ལེགས་སུ་ཕྱིན་པར་བློ་ཡིད་ཚིམ་པོ་བྱུང་། ལོ་གསར་པའི་ནང་ཀྲུང་གོ་ཕྱོགས་ཀྱིས་ཧན་གོ་ཕྱོགས་དང་ལྷན་དུ་འཐབ་ཇུས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བ།

     ཚོར་སྣང་སྐྱེན་པའི་གནད་དོན་ཐག་གཅོད་འོས་འཚམ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བར་འཕེལ་རྒྱས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཐུན་མོང་ཐོག་ས་ཁུལ་ཞི་བདེ་བརྟན་ལྷིང་ཡོང་རྒྱུར་འབད་འཐབ་བྱེད་འདོད་ཡོད། ཧན་གོ་ཕྱོགས་ཀྱིས་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་བར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ལ་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཡང་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

    ཝུན་ཙའེ་ཡིན་གྱིས་ཉེ་དུས་ཧན་ཁྲའོ་ཡི་མཐོ་རིམ་གྲོས་མོལ་ཐད་ཐོབ་པའི་གྲུབ་འབྲས་ཁྱབ་བསྒྲགས་གནང་ནས། ཧན་གོ་ཕྱོགས་ཀྱིས་ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་ཐད་ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་གལ་ཆེའི་ནུས་པར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལྷོ་བྱང་སྐད་ཆ་ཤོད་རེས་ལ་རྒྱབ་སྐྱོར་གནང་བ་དང་གླེང་མོལ་དང་གྲོས་མོལ་ཐོག་ནས་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ཁྲའོ་ཞན་ཕྱེད་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཐད་འབད་འཐབ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཧན་གོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ལྷན་དུ་གླེང་མོལ་དང་གྲོས་མོལ་གྱི་ཐོག་ནས་གནད་དོན་ཐག་གཅོད་བྱ་རྒྱུར་མཐའ་གཅིག་ཏུ་གཞོལ་ཏེ་ས་ཁུལ་དེ་རང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཧན་ཁྲའོ་ཕྱོགས་གཉིས་པོས་འབྲེལ་བ་ཟབ་ཏུ་དང་འདུམ་འགྲིག་མཉམ་ལས་བྱ་རྒྱུར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ང་ཚོས་ཕྱོགས་གཉིས་པོའི་ལྷོ་བྱང་གླེང་མོལ་དང་སྤེལ་རེས་ལ་སྐུལ་འདེད་བཏང་སྟེ་ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་རིམ་གྱིས་ཐག་གཅོད་ཐུབ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། དེང་སྐབས་ཁྲའོ་ཞན་ཕྱེད་གླིང་གི་དུས་བབ་ལ་འགྲན་སློང་དང་གོ་སྐབས་མཉམ་དུ་གནས་ཡོད། ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱིས་ཧན་ཁྲའོ་གླེང་མོལ་ལ་གོ་སྐབས་སྦྱིན་རྒྱུ་མ་ཟད། ཁྲའོ་ཞན་ཕྱེད་གླིང་གི་དུས་བབ་ལེགས་སུ་འགྲོ་འགོ་ཚུགས་སར་ཡང་འགྱུར་རེ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧན་གོ་ཕྱོགས་ཚུད་པའི་ཕྱོགས་ཁག་དང་མཉམ་དུ་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་དུས་བབ་སྔར་བས་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་བརྩོན་ལེན་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།