[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཡོ་རོབ་བྱང་མ་དང་པོ་ལུའོ་ཏི་རྒྱ་མཚོའི་རྒྱུད་ཀྱི་རྒྱལ་ཁབ་ཁག་གི་གྲོས་དཔོན་མཉམ་སྡེབ་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-12

     ཚེས་10ཉིན་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོ་རོབ་བྱང་མ་དང་པོ་ལུའོ་ཏི་རྒྱ་མཚོའི་རྒྱུད་ཀྱི་རྒྱལ་ཁབ་ཁག་གི་དབྱི་ཧུའེ་གྲོས་ཚོགས་ཀྱི་འགོ་ཁྲིད་མི་སྣ་མཉམ་སྡེབ་དང་མཇལ་འཛོམས་གནང་བ་རེད། ཧྥིན་ལན་གྱི་གྲོས་དཔོན་ལུའོ་ཧོ་ལ་དང་། ནོར་ཝེ་ཡི་གྲོས་དཔོན་ཐུའོ་མ་སེན། འཁྱགས་གླིང་གི་གྲོས་དཔོན་ཤིས་ཀེ་ཕུའུ་སུང་། ཨེ་སོ་ནི་ཡའི་གྲོས་དཔོན་ནེ་སི་ཐུའར། ལ་ཐེ་ཝེ་ཡའི་གྲོས་དཔོན་མུའར་ནེ་ཚེ། ལི་ཐུ་ཝན་གྱི་གྲོས་དཔོན་ཕུའུ་ལན་ཚི་ཁའེ་ཏི་སི། སུའེ་ཏེན་གྱི་གྲོས་དཔོན་གཞོན་པ་ཨང་དང་པོ་ཧྥིན་ནེ་སོགས་དང་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས་ད་ཐེངས་རྒྱལ་ཁབ་ཁག་གི་དབྱི་ཧུའེ་གྲོས་ཚོགས་ཀྱི་འགོ་ཁྲིད་མི་སྣས་མཉམ་འབྲེལ་ཐོག་ཀྲུང་གོར་འཚམས་འདྲི་གནང་བ་དེ་ནི་ཡོ་རོབ་བྱང་མ་དང་པོ་ལུའོ་ཏི་རྒྱ་མཚོའི་རྒྱུད་ཀྱི་རྒྱལ་ཁབ་ཀྱིས་མཉམ་སྡེབ་ཐོག་ཀྲུང་གོ་དང་མཐོ་རིམ་འགྲོ་འོང་བྱེད་པའི་རྣམ་པ་གསར་པ་ཞིག་ཡིན་པ་དེ་ཐོག་ནས་ཕྱོགས་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་དུས་རབས་གསར་པར་སླེབས་པ་མཚོན་པས་ངས་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས་མིག་སྔར་ཀྲུང་གོས་ཡོ་རོབ་བྱང་མ་དང་པོ་ལུའོ་ཏི་རྒྱ་མཚོའི་རྒྱུད་ཀྱི་རྒྱལ་ཁབ་དང་འབྲེལ་བ་འཕེལ་རྒྱས་འགྲོ་ཚུལ་བཟང་པོ་རྒྱུན་འཁྱོངས་བྱུང་ནས་ཕྱོགས་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཆེ་རུ་ཕྱིན་པ་མ་ཟད། དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་ཉིན་བཞིན་གཏིང་ཟབ་ཏུ་ཕྱིན་ནས་དམངས་འདོད་ཀྱི་རྨང་གཞི་དེ་བས་བརྟན་དུ་ཕྱིན་ཡོད། ཀྲུང་གོས་ཡོ་རོབ་བྱང་མ་དང་པོ་ལུའོ་ཏི་རྒྱ་མཚོའི་རྒྱུད་ཀྱི་རྒྱལ་ཁབ་དང་སྐྱོན་བྲལ་དང་། བརྟན་པོ། རྒྱུན་མཐུད་བཅས་ཀྱི་ཕྱོགས་གཉིས་པོའི་འབྲེལ་བ་གོང་འཕེལ་ཡོང་བ་བྱས་ནས་གཉིས་ཁེ་གཉིས་ཕན་གྱི་ཕྱོགས་གཉིས་དང་ས་ཁོངས་ཀྱི་མཉམ་ལས་ལ་སྐུལ་མ་བཏང་བ་དེ་ང་ཚོ་རང་སོ་སོའི་རྒྱལ་ཁབ་ཀྱི་ཁེ་ཕན་དང་འཚམ་པ་མ་ཟད། ཀྲུང་གོ་དང་ཡོ་རོབ་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་མདུན་ཕྱོགས་སུ་གོང་འཕེལ་ཡོང་བར་སྐུལ་མ་གཏོང་རྒྱུར་ཕན་ཐོགས་ཡོད་པས་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཁེ་བཅས་ཀྱི་དུས་རབས་ཀྱི་རླབས་རྒྱུན་དང་ཡང་མཐུན་ཡོད། ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། བསྟུན་མཁས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་བཅས་ཀྱི་རྩ་དོན་གཞིར་བཟུང་ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ལ་བརྩི་མཐོང་བྱས་ཏེ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ཟུར་ཚད་ཐོག་ནས་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཡང་དག་སྟངས་འཛིན་ནན་པོ་བྱེད་དགོས། མཐོ་རིམ་འགྲོ་འོང་མུ་མཐུད་རྒྱུན་འཁྱོངས་བྱས་ནས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། ཤེས་རྟོགས་བྱེད་ཚད་ཟབ་ཏུ་གཏོང་བ། མཐུན་འགྲིག་ཡོང་ཐབས་བྱེད་པ། ཐུན་མོང་གི་ངོས་འཛིན་རྒྱ་ཆེར་གཏོང་བ་བཅས་བྱེད་དགོས། རང་ངོས་ཀྱི་འཕེལ་རྒྱས་འཐབ་ཇུས་དང་སྦྲེལ་མཐུད་དང་དངོས་སྒྲུབ་མཉམ་ལས་ཀྱི་ཁྱབ་ཁོངས་དང་ཐབས་ལམ་རྒྱ་སྐྱེད་གཏོང་བ་དང་ལྷག་པར་དུ“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་པའི་སྒྲོམ་གཞིའི་འོག་གི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེ་མོ་ཕན་ཚུན་སྦྲེལ་མཐུད་བྱས་ནས་བྱུང་བའི་འཕེལ་རྒྱས་ཀྱི་ཕན་པ་མཉམ་སྤྱོད་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་ཚུལ་དང་ཞི་བའི་ཕྱི་འབྲེལ་གྱི་སྲིད་ཇུས་ངོ་སྤྲོད་གནང་ཞིང་། ཁོང་གིས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་ཐོག་ཀྲུང་གོས་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་མ་གཏོང་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་མ་གཏོང་རྒྱུའི་སྐོར་བཏོན་ཡོད། དེ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་ལ་ལྡན་དགོས་ངེས་ཀྱི་ནང་དོན་ཞིག་དང་དུས་རབས་གསར་པར་ཀྲུང་གོའི་ཕྱི་འབྲེལ་གྱིས་དོན་གཉེར་བྱེད་པའི་དམིགས་ཚད་ཅིག་ཡིན་ལ་འཛམ་གླིང་རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་འབད་འཐབ་བྱེད་པའི་ཁ་ཕྱོགས་ཤིག་ཀྱང་རེད། ཀྲུང་གོས་འགན་འཁྲི་ཁུར་མཁན་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ནུས་པ་མུ་མཐུད་བཏོན་ནས་གོ་ལ་ཧྲིལ་པོའི་བཅོས་སྒྲིག་མ་ལག་སྒྱུར་བཅོས་དང་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཏེ་གོ་ལ་ཧྲིལ་པོའི་བཅོས་སྒྲིག་མ་ལག་དེ་སྔར་བས་གཞུང་དྲང་དང་ལུགས་མཐུན་གྱི་ཕྱོགས་སུ་གོང་འཕེལ་ཡོང་བར་སྐུལ་མ་བཏང་སྟེ་ཀྲུང་གོའི་བློ་གྲོས་དང་སྟོབས་ཤུགས་རྒྱུན་ཆད་མེད་པར་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།