[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • བཟོ་ལས་ཚྭ་མཚེའུ་ཞིག་གྲགས་ཅན་མཛེས་ལྗོངས་ཁུལ་དུ་ཇི་ལྟར་འགྱུར་བ་ཡིན།

    ​མཚོ་སྔོན་ཚྭ་ཁ་ཚྭ་མཚེའུ་ཡུལ་སྐོར་འཕེལ་རྒྱས་མྱུར་པོ་བྱུང་བའི་རྒྱབ་ལྗོངས།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།   ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཏེང་དབན་ལི་དང་ཝང་ཅིན་ཅིན།    |    སྤེལ་དུས།   2017-12-07

    ཡུལ་སྐོར་བ་ཁྲི་ཁ་ཤས་ནས་མི་ཐེངས་ཁྲི་270ལྷག་ཙམ་ཟིན་པའི་བར་ཀྲུང་གོའི“གནམ་གྱི་མེ་ལོང”དུ་གྲགས་པའི་ཚྭ་ཁ་ཚྭ་མཚེའུ་དེ་ཉིད་ལོ་ཤས་རིང་དྲ་ཐོག་སྐད་གྲགས་ཆོད་པའི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་མཚོ་སྔོན་དུ་ཡུལ་སྐོར་བྱེད་སྐབས་འགྲོ་དགོས་ངེས་ཀྱི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད།

    བཟོ་ལས་ཚྭ་མཚེའུ་ཞིག་ཡིན་པའི་ཚྭ་ཁ་ཚྭ་མཚེའུ་དེ་གྲགས་ཅན་གྱི་མཛེས་ལྗོངས་ཁུལ་དུ་ཇི་ལྟར་འགྱུར་བ་ཡིན། ཡུལ་སྐོར་འཕེལ་རྒྱས་སོང་བ་ལས་མཐའ་འཁོར་གྱི་མང་ཚོགས་ལ་ཕན་འབྲས་ཇི་ལྟར་བྱུང་ཡོད་དམ། མཛེས་ལྗོངས་ཁུལ་གྱི་ཞབས་ཞུའི་སྤུས་ཚད་ཇི་ལྟར་བྱས་ཏེ་གོམ་སྟབས་གཅིག་མཚུངས་ངང་གོང་མཐོར་གཏོང་ངམ། དེ་དོན་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ས་གནས་ས་ཐོག་ཏུ་རྩད་འདྲི་བྱས་པ་ཡིན།

    ཀྲུང་གོའི“གནམ་གྱི་མེ་ལོང”ཞེས་པའི་ཡུལ་སྐོར་སྤུས་རྟགས་གཏོད་པ།

    ཚྭ་ཁ་ཚྭ་མཚེའུ་འདི་ཉིད་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཨུ་ལན་རྫོང་ཚྭ་ཁ་གྲོང་རྡལ་དུ་གནས་པ་དང་མཚོ་ངོས་ཀྱི་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི་3100ཙམ་ཟིན་ཡོད། མཚོ་ངོས་ཀྱི་ཞུན་ཆགས་ཚྭ་ཆུའི་འོད་ལྡོག་འཕྲོ་བྱས་པ་ལས་ཨ་སྔོན་སྤྲིན་དཀར་དང་རྒྱང་རིང་གི་རི་བོར་མཛེས་རྒྱན་སྤྲས་ནས་འོད་ཆེམ་ཆེམ་དུ་འཕྲོ་བའི་ཤེལ་ངོས་ཀྱི་རྣམ་པ་ཞིག་ཆགས་ཡོད།

    གསར་འགོད་པར་ཤེས་རྟོགས་བྱུང་གསལ། 2012ལོའི་གོང་དུ་ཚྭ་ཁ་ཚྭ་མཚེའུ་རུ་ཚྭ་སྔོན་པོ་ཐོན་པ་ལས་སྐད་གྲགས་ཆོད་ཡོད། དེས་ན་ཡུལ་སྐོར་ལས་རིགས་ཀྱི་སྤྱིའི་འཕེལ་རྒྱས་འགོར་བ་དང་གཞི་ཁྱོན་ཆུང་བའི་དབང་གིས་2012ལོར་ཡུལ་སྐོར་བ་མི་ཐེངས་ཁྲི་5.42ལས་ཟིན་མེད་པ་རེད།

    ད་ཕན་ལོ་ཤས་རིང་དཔོད་ཆུང་དང་འཕྲིན་ཕྲན་སོགས་རང་མོས་སྨྱན་སྦྱོར་མགྱོགས་མྱུར་དར་རྒྱས་སོང་ནས་ཚྭ་ཁ་ཚྭ་མཚེའུ་ཡི་རང་བྱུང་མཛེས་ལྗོངས་ཐུན་མོང་མ་ཡིན་ལ་མཐོང་དཀོན་པས་དེའི་མཚན་སྙན་རིམ་བཞིན་ཆེ་རུ་སོང་ཡོད། 2013ལོར“དེ་གའི་གནམ་གྱི་མེ་ལོང་གི་མཛེས་པ་འགྲན་ཟླ་བྲལ་བས་པོ་ལི་ཝེ་ཡར་འགྲོ་དགོས་དོན་མེད”ཅེས་པའི་དཔོད་ཆུང་ཞིག་ལ་དྲ་ཐོག་དོ་ཁུར་ཆེན་པོ་ཐོབ་ནས་ཚྭ་ཁ་ཚྭ་མཚེའུ་འདི་ཉིད“མཚན་གཅིག”ལ་སྐད་གྲགས་ཆོད་པ་དང་དེ་རྗེས་དྲ་གྲོགས་ཚོས“མི་ཚེ་འདིར་འགྲོ་དགོས་ངེས་ཀྱི་ཡུལ་གྱི་གྲས་ཤིག”དང“ཀྲུང་གོའི་སྐར་ཚོགས་བཀྲ་བའི་ནམ་མཁའ་མཛེས་ཤོས་ཀྱི་གྲས་ཤིག”ཅེས་གཅིག་རྗེས་གཉིས་མཐུད་ངང་དཔྱད་གཏམ་སྤེལ་ཡོད།

    ཁེ་ལས་དང་སྲིད་གཞུང་གིས་ཡུལ་སྐོར་གསར་སྤེལ་གྱི་གོ་སྐབས་མཐོང་ཞིང་། 2015ལོར་ནུབ་རྒྱུད་གཏེར་ལས་ཚོགས་པས་མཚོ་ནུབ་ཀྲོའུ་ཚྭ་ཁ་ཚྭ་མཚེའུ་ཡུལ་སྐོར་གསར་སྤེལ་དང་མཉམ་དུ་ཁྲོམ་རར་བརྟག་ཞིབ་བྱས་ནས“ཚྭ་ཁ་ཚྭ་མཚེའུ--གནམ་གྱི་མེ་ལོང”ཞེས་པའི་ཡུལ་སྐོར་སྤུས་རྟགས་གཏོད་རྒྱུའི་གཏན་འབེབས་བྱས་པ་རེད། 2016ལོར་མཚོ་སྔོན་ཚྭ་ཁ་ཚྭ་མཚེའུ་རིག་གནས་ཡུལ་སྐོར་འཕེལ་རྒྱས་མ་རྐང་ཚད་ཡོད་ཀུང་སི་བཙུགས་ཡོད།

    མཛེས་ལྗོངས་ཁུལ་གསར་སྤེལ་དང་དྲིལ་བསྒྲགས་འོས་སྦྱོར་བྱས་པ་ལས་ཚྭ་ཁ་ཚྭ་མཚེའུ་ཡི་སྐད་གྲགས་ཆོད་ཚད་སྔར་བས་ཆེ་རུ་ཕྱིན་པ་དང་ཡུལ་སྐོར་བ་ལོ་རེ་བཞིན་མང་དུ་སོང་ཡོད། གྲངས་གཞི་ལས་མངོན་པར་2016ལོར་ཡུལ་སྐོར་བ་མི་ཐེངས་ཁྲི་195ལ་སྣེ་ལེན་ཞུས་པ་དེ་2015ལོ་ལས་50%འཕར་བ་དང་འདི་ལོ་ཡུལ་སྐོར་བའི་མི་གྲངས་མི་ཐེངས་ཁྲི་276ལས་ཚད་བརྒལ་བྱུང་ནས་ན་ནིང་ལས་38.4%འཕར་བ་རེད།

    ས་མཐོའི་ཞིང་འབྲོག་པ་4000ལྷག་ཙམ་ལ་ཡུལ་སྐོར་ལས་ཡོང་འབབ་བྱུང་བ།

    ཚྭ་ཁ་གྲོང་རྡལ་དུ་སོག་རིགས་དང་བོད་རིགས་གཙོ་བོ་བྱས་པའི་མི་འབོར་4100ལྷག་ཙམ་ཡོད་པ་དང་གསར་འགོད་པར་བཅར་འདྲི་བྱས་པ་ལས་ཤེས་རྟོགས་བྱུང་གསལ། ཚྭ་ཁ་ཚྭ་མཚེའུ་ཡི་ཡུལ་སྐོར་འཕེལ་རྒྱས་བཏང་བ་དེས་ས་ཆ་དེ་གའི་མང་ཚོགས་ཀྱི་ཕྱུག་འགྱུར་ལམ་གསར་བཏོད་པ་རེད།

    པ་ཡིན་གྲོང་ཚོའི་དེ་སྔའི་གནས་ཡུལ་ནི་གྲོང་ཁུལ་ནས་བར་ཐག་སྤྱི་ལེ་20ཡོད་པ་དང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་དཀའ་ངལ་ཆེ་ཙམ་ཡོད། 2013ལོར་ས་ཆ་དེ་གའི་སྲིད་གཞུང་གིས་པ་དབྱི་གྲོང་ཚོའི་དུད་ཚང་35ཡི་མི་113ཚང་མ་གྲོང་རྡལ་ཁུལ་དུ་གནས་སྤོས་པ་རེད།

    གྲོང་མི་ཧྲི་ཕ་ཀྲུང་གིས་སྔོན་ཆད་གཙོ་བོ་གྲོ་དང་ནས་བཏབ་ནས་འཚོ་བ་སྐྱེལ་བ་དང་། ས་ཞིང་མུའུ་25ལ་ལོ་གཅིག་གི་ཡོང་འབབ་སྒོར་ཁྲི་1ཙམ་ལས་ཟིན་གྱི་མེད། གྲོང་རྡལ་ཁུལ་དུ་སྤོས་རྗེས་སྲིད་གཞུང་གིས་ཁ་གསབ་སྒོར་ཁྲི་10ལྷག་ཙམ་སྤྲད་པ་དང་རང་ཉིད་ཀྱིས་སྒོར་ཁྲི་5བཏོན་ནས་སྨི་ངོས་གྲུ་120ལྷག་ཙམ་ཡོད་པའི་ཐོག་སོ་གཉིས་ལྡན་གྱི་ཁང་པ་ཞིག་བརྒྱབ་ཡོད་ཅེས་བཤད།

    ཧྲི་ཕ་ཀྲུང་གིས་རང་ཁྱིམ་གྱི་ཁང་པ་སྟོང་པ་འགའ་ཤས་བཟོ་བཅོས་བརྒྱབ་ནས་ཁྱིམ་ཚང་མགྲོན་ཁང་ཆུང་ངུ་ཞིག་བཙུགས་པ་དང་ཁོང་གིས“ཁང་མིག་8དང་ཉལ་ཁྲི་20ཡོད་པར་ཡུལ་སྐོར་བྱེད་མང་བའི་དུས་ཚིགས་སུ་ཉིན་ལྟར་སྟོང་པ་གཅིག་ཀྱང་མི་ལུས་པ་དང་ལོ་གཅིག་གི་ཡོང་འབབ་ཉུང་ཤོས་ལའང་སྒོར་ཁྲི་8ཡོང་གི་འདུག”ཅེས་བཤད།

    ཚྭ་ཁ་གྲོང་རྡལ་གྱི་ཏང་ཨུད་ཧྲུའུ་ཅི་པེ་ཁྲེང་ཧུའུ་ཡིས་མིག་སྔར་གྲོང་རྡལ་དེ་ཡོངས་ཀྱི་ཁྲོམ་རའི་བྱེད་པོའི་གྲས་དུད་ཚང་558ཟིན་པ་དང་2015ལོ་ཚུན་བྱེད་པོའི་གྲས་དུད་ཚང་330འཕར་ནས་ཡུལ་སྐོར་ལས་རིགས་གཉེར་མཁན་ཚོང་དུད་ཀྱིས་80%ཟིན་གྱི་ཡོད། མཛེས་ལྗོངས་ཁུལ་གྱིས་ཐད་ཀར་མི་1000ལྷག་ཙམ་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་པ་དང་མི་3000ལྷག་ཙམ་བར་བརྒྱུད་ངང་ལས་ཞུགས་བྱ་རྒྱུར་སྐུལ་ཁྲིད་བྱས་པ་དེའི་ནང་ཁྱིམ་ཚང་མགྲོན་ཁང་ཁོ་ན་200ལྷག་ཙམ་ཟིན་ཡོད་ཅེས་བཤད།

    གསར་འགོད་པས་ཚྭ་ཁ་ཚྭ་མཚེའུ་མཛེས་ལྗོངས་ཁུལ་ཐོན་སྒོའི་དོས་སྒམ་ཡུལ་སྐོར་ཚོང་འདུས་ནས་གཅིག་གྱུར་འཆར་འགོད་བྱས་པའི་ཚོང་སྟེགས་བརྒྱ་ཙམ་སྟེང་ཡུལ་གྱི་ཁྱད་ལྡན་ཐོན་ཟོག་དང་། ཚྭ་བརྐོས་བཟོ་རྩལ་ཐོན་རྫས། གྱོན་གོས་དང་རྒྱན་ཆ་སོགས་ཚོང་ཟོག་བཤམས་ཡོད་པ་དང་ཡུལ་སྐོར་བ་རྒྱུན་ཆད་མེད་པར་ཡོང་བ་མཐོང་བྱུང་།

    ཡུལ་སྐོར་དར་བས་མཛེས་ལྗོངས་ཁུལ་གྱི་སྤུས་ཚད་དང་རིམ་པ་མཐོ་རུ་གཏོང་དགོས་པ།

    གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ཚྭ་ཁ་ཚྭ་མཚེའུ་རུ་ཡུལ་སྐོར་བ་མང་བའི་དུས་ཚིགས་སུ་ལམ་བུ་གུ་དོག་པ་དང་། ཞག་པོ་སྡོད་ས་དཀོན་པ། དོ་དམ་རྗེས་ལུས་སོགས་ཀྱི་གནད་དོན་ཡོད་པ་རེད།

    མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཚན་གྱིས་ཚྭ་ཁ་ཚྭ་མཚེའུ་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་སྒྱུར་བཀོད་རིམ་སྤོར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ཡུལ་སྐོར་ཀུང་སི་དང་ས་གནས་དེ་གའི་སྲིད་གཞུང་གིས་མཛེས་ལྗོངས་ཁུལ་གསར་སྤེལ་འཛུགས་སྐྲུན་བྱེད་རིང་གི་འགན་དབང་གི་འབྲེལ་བ་སྔར་བས་གསལ་པོ་བཟོས་པས། བཟོ་ལས་ཐོན་སྐྱེད་དང་ཡུལ་སྐོར་གཉེར་སྐྱོང་ལོགས་དབྱེ་དང་། ཡུལ་སྐོར་ཐོན་རྫས་དང་བཟོ་ལས་ཐོན་སྐྱེད་ཕན་ཚུན་འབྲེལ་བ་བྱེད་པ། རང་སོ་སོའི་ཁྱད་ཆོས་ལྡན་པ། ཕན་ཚུན་འདེགས་སྐྱོར་བྱེད་པ་བཅས་ཀྱི་འཕེལ་རྒྱས་ཀྱི་བཀོད་པ་ཞིག་ཆགས་པ་རེད།

    མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་མགྱོགས་མྱུར་བྱ་རྒྱུ་དེ་ལས་འགན་གལ་ཆེན་ཨང་དང་པོ་ཡིན་ཞིང་། 2015ལོའི་ཟླ་10པར་མཛེས་ལྗོངས་ཁུལ་སྒོ་བརྒྱབ་ནས་བཅོས་སྒྲིག་དང་སྒྱུར་བཀོད་རིམ་སྤོར་ཐེངས་དང་པོ་བྱས་ཏེ་མ་རྩ་སྒོར་དུང་ཕྱུར་3.2བཏང་ནས་རྨང་གཞིའི་སྒྲིག་བཀོད་དང་། གྲོང་ཁྱེར་འཛུགས་སྐྲུན་གྱི་མདོང་ལམ། རིག་ལྡན་ཡུལ་སྐོར་བཅས་རིགས་ཆེན་པོ་གསུམ་དང་ལས་གྲྭ་རྐྱང་པ་60ལྷག་ཙམ་ལེགས་སྒྲུབ་བྱས་པ་རེད།

    2016ལོའི་ཟླ་10པར་མཛེས་ལྗོངས་ཁུལ་གྱི་སྒོ་བརྒྱབ་སྟེ་འཛུགས་སྐྲུན་ཐེངས་གཉིས་པ་བྱས་ནས་རླངས་འཁོར་འཇོག་ས་དང་། ལྟ་སྐོར་མེ་འཁོར་ཆུང་གྲས། གྲུ་ལམ་དང་གྲུ་ཁ། ལྗོངས་གཟིགས་སྒང་། ཡུལ་སྐོར་གསང་སྤྱོད། བཙོག་ཆུ་གཙང་གསིང་བཟོ་གྲྭ་སོགས་རྣམ་གྲངས་བཅུ་ལྷག་ཙམ་གསར་སྐྲུན་བྱས་པ་རེད།

    སྣོད་བཅུད་སླར་གསོའི་ཐད་ཚྭ་ཁ་ཚྭ་མཚེའུ་རུ་ཡང་མ་དངུལ་མང་པོ་བཏང་བ་རེད། གསར་འགོད་པར་ས་གནས་ས་ཐོག་ནས་མཐོང་གསལ། ཚྭ་ཁ་ཚྭ་མཚེའུ་མཐའ་འཁོར་གྱི་ཐང་རྒོད་ཕལ་ཆེ་བར་མི་ཐབས་ལ་བརྟེན་ནས་རྩྭ་ཤིང་བཏང་ནས་སྔོ་ལྗང་ཅན་དུ་འགྱུར་བ་དང་མུའུ་ཁྲི་16ལྷག་ཙམ་ཡོད་པའི་འདམ་རྫབ་ཁུལ་གྱི་འདམ་བཤངས་རྗེས་ཚྭ་མེད་ཆུའི་འདམ་རར་གྱུར་པས་ངང་པ་དང་ཁྲུང་ཁྲུང་སྐེ་ནག་སོགས་འདབ་ཆགས་ཡང་ཡང་འཕུར་ཡོང་གི་ཡོད་པ་རེད།

    མཚོ་སྔོན་ཚྭ་ཁ་ཚྭ་མཚེའུ་རིག་གནས་ཡུལ་སྐོར་འཕེལ་རྒྱས་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་རིན་ཙི་ཧྭ་ཡིས་མཛེས་ལྗོངས་ཁུལ་དུ་མིག་སྔར་རང་བྱུང་ལྟ་སྐོར་དང་། ཚྭ་ཆུ་ཉམས་ལེན། མི་རིགས་གོམས་སྲོལ། ཚྭ་བརྐོས་སྒྱུ་རྩལ་བཅས་གཞི་གཅིག་ཏུ་འདུས་པའི་འཕེལ་རྒྱས་ཀྱི་བཀོད་པ་འཚོལ་ཞིབ་བྱེད་བཞིན་ཡོད་པ་དང་ནུས་ཤུགས་ཡོད་རྒུས“མཛེས་ལྗོངས་ཁུལ་ཆེན་པོའི”འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱེད་བཞིན་ཡོད་ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།