[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཡུས་ཀྲེང་ཧྲེང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཡན་ལག་ཚོགས་པ་དང་པོའི་སྣེ་ཁྲིད་ནས་པའོ་ཐོའུ་གྲོང་ཁྱེར་གྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་འཚམས་འདྲི་གནང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2017-08-12

    ཤིན་ཧྭ་གསར་འགྱུར་ཁང་ནང་སོག་གི་པའོ་ཐོའུ་གྲོང་ཁྱེར་ནས་ཟླ་8ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཚེས་10ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་བཅས་ཡིན་པའི་ཡུས་ཀྲེང་ཧྲེང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཡན་ལག་ཚོགས་པ་དང་པོའི་སྣེ་ཁྲིད་དེ་པའོ་ཐོའུ་གྲོང་ཁྱེར་དུ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྨོན་འདུན་ཟབ་མོ་མཚོན་པར་གནང་བ་དང་འབྲེལ་ཚང་མ་དང་མཉམ་དུ་ནང་སོག་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུས་པ་རེད།

    ཀྲུང་གོ་གསར་པས་མི་རིགས་ས་ཁུལ་དུ་བསྐྲུན་པའི་ངར་ལྕགས་ཁེ་ལས་ཆེ་གྲས་དང་པོ་ཡིན་པའི་པའོ་ཐོའུ་ངར་ལྕགས་ཚོགས་པ་ཀུང་སི་ལོ་60ལྷག་ཙམ་འཕེལ་རྒྱས་ཕྱིན་པ་བརྒྱུད་ནང་སོག་བཟོ་ལས་ཀྱི་སྣེ་འདྲེན་ཁེ་ལས་ཤིག་ཏུ་གྱུར་ཡོད་པ་རེད། ཚེས་10ཉིན་གྱི་སྔ་དྲོ་ཡུས་ཀྲེང་ཧྲེང་སོགས་ཀུང་སི་དེའི་ཞི་ཐུའུ་ངར་ལྕགས་ལེབ་མོ་རྒྱུ་ཆ་བཟོ་གྲྭར་ཕེབས་ནས་འཁོར་ཁང་གི་ཐོན་སྐྱེད་བརྒྱུད་རིམ་ལ་གཟིགས་ཞིབ་གནང་བ་དང་འབྲེལ་འཐབ་ཕྱོགས་དང་པོའི་ལས་བཟོ་དང་ངལ་རྩོལ་དཔེ་བཟང་གི་འཐུས་མི་དང་བྱམས་བརྩེའི་ངང་སྤེལ་རེས་གནང་ཞིང་། ཁོང་གིས་ཚང་མས་གཞོམ་ཞིག་མེད་པ་དང་ཕུལ་བྱུང་དོན་གཉེར་གྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། ལས་གཅེས་ལས་བརྩོན་དང་སྙིང་རུས་འབད་འབུངས་ཀྱིས་ཤེས་བྱ་གསར་པ་སློབ་སྦྱོང་བྱེད་པ་དང་། རྩལ་ནུས་གསར་པ་ཁོང་དུ་ཆུད་པ། འཇོན་ཐང་གསར་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཁེ་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་བརྒྱུད་རིམ་ནང་བྱས་རྗེས་གསར་པ་སླར་ཡང་འཇོག་དགོས་པའི་སྐུལ་ལྕག་གནང་བ་རེད།

    དེ་རྗེས་ཡུས་ཀྲེང་ཧྲེང་ད་དུང་པའོ་ཐོའུ་གྲོང་ཁྱེར་ཞི་ཐུའུ་ཞིབ་འཇུག་ཁང་དུ་ཕེབས་ནས་ཞི་ཐུའི་ལག་རྩལ་ཞིབ་འཇུག་གསར་སྤེལ་གནས་ཚུལ་ལ་རྟོག་ཞིབ་གནང་བ་དང་འབྲེལ་ཚན་ཞིབ་མི་སྣར་འཚམས་འདྲི་ཡང་གནང་ཞིང་། ཁོང་གིས་ཞིབ་འཇུག་ཁང་གིས་ཕྱོགས་བསྡུས་རང་བཞིན་གྱི་ཞིབ་འཇུག་སྒྲིག་གཞིའི་ལེགས་ཆ་ཆེ་རུ་ཧུར་ཐག་བཏང་སྟེ་འགག་རྩའི་ལག་རྩལ་དང་གཙོ་གནད་ཁྱབ་ཁོངས་ཀྱི་གཅིག་སྡུད་འགག་སྒྲོལ་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་ཀྱི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་འགྲོ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པ་དང་འབྲེལ་རང་རྒྱལ་གྱི་ཞི་ཐུའུ་ཐོན་ལས་འཕེལ་རྒྱས་འགྲོ་ཆེད་ཆུ་ཚད་མཐོ་བའི་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།

    ཡུས་ཀྲེང་ཧྲེང་གིས་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མིའི་གཏམ་བཤད་ནན་ཏན་ངང་གསན་རྗེས་ས་གནས་དེ་གའི་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་ཞིང་། ཁོང་གིས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་70འཁོར་བ་འགོ་འཛུགས་ས་གསར་པར་བརྩིས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“7·26”གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་ཏེ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་བློ་བརྟན་འགྱུར་མེད་ངང་གཏིང་ཟབ་ཏུ་གཏོང་བ་དང་། དམངས་འཚོ་འགན་ལེན་དང་ལེགས་བཅོས་ལ་དོ་སྣང་བྱེད་པ། སྣོད་བཅུད་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ། མི་རིགས་ཀྱི་ལས་དོན་བློ་རྩེ་གཅིག་སྒྲིམ་གྱིས་ལེགས་པར་སྒྲུབ་པ། ཕྱོགས་ཡོངས་ནས་ཏང་ལ་དོ་དམ་ནན་པོ་དང་ཏང་ནན་པོས་སྐྱོང་རྒྱུར་དམ་འཛིན་ཡག་པོ་བྱེད་པ། པའོ་ཐོའུ་གྲོང་ཁྱེར་གྱི་འོད་སྟོང་གསར་པ་མུ་མཐུད་གཏོད་པ་བཅས་བྱས་ནས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས་པའི་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།