[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱིས“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ཁག་བཅུ་བཏོན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2017-08-12

    ཚེས་10ཉིན་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱིས་འཆར་ཅན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱི“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་བྱ་ཐབས་གལ་ཆེན་ཁག་བཅུ་བཏོན་པ་རེད།

    རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་ཁྲིམས་ལུགས་སིའི་སྐོར་ཞིབ་པ་གཞོན་པ་ཀུང་ཤང་ཀོང་གིས་གསུངས་དོན། ཉེ་དུས་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱིས《“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་སྨན་བཅོས་ཁྱབ་ཁོངས་ཀྱི་མ་འཇོག་གི་གསོན་ཤུགས་འཕེལ་བ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམས་ཡོད། བྱ་ཐབས་དེ་དག་ནང་གཤམ་གསལ་གྱི་ནང་དོན་ཚུད་ཡོད་པ་སྟེ།

    རྒན་གསོའི་སྒྲིག་གཞིའི་ནང་ཁུལ་དུ་སྨན་བཅོས་ཁང་འཛུགས་པའི་ཞིབ་མཆན་འགོད་རྒྱུ་མེད་པ་བཟོས་ཏེ་ཐོ་འགོད་སྙན་སེང་ལམ་ལུགས་ལག་ལེན་བསྟར་དགོས། རིམ་ཁག་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱིས་འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་གནས་ཚུལ་གྱི་ལྟ་སྐུལ་མཛུབ་ཁྲིད་ཡག་པོ་བྱེད་པ་དང་ལས་དོན་སྒྲུབ་རིང་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་བྱ་ཤུགས་ཆེ་རུ་བཏང་སྟེ་བདེ་ཐང་རྒན་གསོའི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

    རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱིས་ད་ཡོད་གསོ་རིག་བརྙན་རིས་སྨན་བཅོས་ལྟེ་གནས་དང་། ནད་ཁམས་སྨན་བཅོས་ལྟེ་གནས། ཟུངས་ཁྲག་དྭངས་གསིང་ལྟེ་གནས། གསོ་རིག་ཞིབ་དཔྱད་ཚོད་ལྟ་ཁང་། སེམས་སྐྱིད་སྨན་སྐྱོང་ལྟེ་གནས་སོགས་རང་ཚུགས་སྒྲིག་གཞི་རིགས་ལྔའི་གཞི་རྩའི་ཚད་གཞི་དང་དོ་དམ་གྱི་ཚད་གཞིའི་རྨང་གཞིའི་ཐོག་སླར་ཡང་རང་ཚུགས་དྲག་སྐྱེད་སྨན་བཅོས་ལྟེ་གནས་དང་། ནད་སྐྱོང་ལྟེ་གནས། དུག་སེལ་མཁོ་སྤྲོད་ལྟེ་གནས། བདེ་ཐང་བརྟག་དཔྱད་ལྟེ་གནས། མིག་ནད་ཚན་ཁག་གི་སྨན་ཁང་འབྲིང་ཆུང་སོགས་སྒྲིག་གཞིའི་གཞི་རྩའི་ཚད་གཞི་དང་དོ་དམ་གྱི་ཚད་གཞི་བཟོས་ཏེ་སྤྱི་ཚོགས་ཀྱི་མ་འཇོག་ཁྱབ་ཁོངས་ཆེ་རུ་བཏང་ནས་བདེ་ཐང་ཞབས་ཞུའི་ལས་རིགས་ཀྱི་ལས་རྣམ་གསར་པ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

    རིམ་ཁག་འཕྲོད་བསྟེན་དང་འཆར་བཙའ་སྡེ་ཚན་གྱིས་སྨན་བཅོས་སྒྲིག་གཞི་དང་སྨན་པ་དཀའ་བཅུ་པ་དང་སྨན་གཡོག་གི་གློག་རྡུལ་ཐོ་འགོད་དོ་དམ་སྒྱུར་བཅོས་ཀྱི་འཕེལ་རིམ་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས། 2017ལོའི་ཟླ་7ཚེས་1ཉིན་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་དྲ་ཐོག་གློག་རྡུལ་ཐོ་འགོད་དོ་དམ་བྱེད་འགོ་བཙུགས་པའི་རྨང་གཞིའི་ཐོག་སྨན་བཅོས་སྒྲིག་གཞི་དང་། སྨན་པ་དཀའ་བཅུ་པ། སྨན་གཡོག་བཅས་ཐོ་འགོད་བྱས་པའི་རྒྱལ་ཡོངས་ཀྱི་སྲིད་དོན་ཞབས་ཞུའི་ཚོམས་ཆེན་ཚང་མ་དྲ་སྦྲེལ་ཐོ་འགོད་བྱས་ཏེ་སྨན་བཅོས་སྒྲིག་གཞིའི་ལས་གཉེར་ཐོ་འགོད་དང་སྨན་པ་དཀའ་བཅུ་པ་དང་སྨན་གཡོག་གི་ལས་གཉེར་ཐོ་འགོད་ལ་མྱུར་ལ་སྟབས་བདེ་བའི་ཞབས་འདེགས་ཞུ་དགོས།

    སྨན་བཅོས་སྒྲིག་གཞིའི་ཞིབ་མཆན་འགོད་པའི་གོ་རིམ་སྔར་བས་སྟབས་བདེ་རུ་གཏོང་དགོས། རིམ་གཉིས་དང་དེ་མན་གྱི་སྨན་བཅོས་སྒྲིག་གཞིའི་ཞིབ་མཆན་འགོད་པ་དང་ལས་གཉེར་ཐོ་འགོད་ཀྱི“ལག་ཁྱེར་གཉིས་ཟླ་སྒྲིལ”བཏང་སྟེ་རིམ་གསུམ་སྨན་ཁང་གི་ཞིབ་མཆན་འགོད་རིམ་སྔར་ལས་སྟབས་བདེ་རུ་གཏོང་དགོས། རིམ་ཁག་འཕྲོད་བསྟེན་དང་འཆར་བཙའ་སྡེ་ཚན་ཁག་གིས་འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་དམ་ཟབ་ཀྱིས་སྨན་བཅོས་སྒྲིག་གཞིའི་ཞིབ་མཆན་འགོད་པའི་ལས་ཀའི་མཉམ་ལས་ལམ་སྲོལ་བཙུགས་ཏེ་ཞིབ་མཆན་ཆ་འཕྲིན་མཉམ་སྤྱོད་ལ་སྐུལ་འདེད་གཏོང་དགོས།

    བུད་མེད་དང་བུ་བཙའི་ཚན་ཁག་གི་སྨན་པ་དཀའ་བཅུ་པའི་ལས་གཉེར་ལག་ཁྱེར་དང་མ་བུ་བདེ་སྲུང་ལག་རྩལ་གྱི་ཞིབ་དཔྱད་ཚད་ལོན་ལག་ཁྱེར་གཉིས་ཟླ་སྒྲིལ་གཏོང་དགོས། ཆ་རྐྱེན་འཛོམས་པའི་མི་སྣར་སྨན་པ་དཀའ་བཅུ་པའི་ལས་གཉེར་ལག་ཁྱེར་ཐོག་ཏུ་མ་བུ་བདེ་སྲུང་ལག་རྩལ་ཞབས་ཞུའི་འབྲེལ་ཡོད་ནང་དོན་གྱི་མཆན་འགྲེལ་འགོད་དགོས།

    སྨན་བཅོས་ཁྱབ་ཁོངས་ཕྱི་ཕྱོགས་སུ་སྒོ་མོ་དབྱེ་བའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས། ཕྱི་རྒྱལ་གྱི་སྨན་བཅོས་སྒྲིག་གཞི་དང་། ཀུང་སི། ཁེ་ལས་བཅས་དང་དེ་བཞིན་དཔལ་འབྱོར་རྩ་འཛུགས་གཞན་གྱིས་མ་རྩ་མཉམ་འཇོག་གམ་ཡང་ན་མཉམ་ལས་རྣམ་པའི་ཐོག་ནས་བཙུགས་པའི་སྨན་བཅོས་ཁང་གིས་ཕྱི་ཕྱོགས་ལ་མ་འཇོག་རྐང་དབང་སྤྲོད་པའི་བསྡུར་ཚད་70%ལས་བརྒལ་མི་ཆོག་པའི་ཚད་བཀག་ལྷུག་ཏུ་གཏོང་དགོས།

    རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་ཆོག་མཆན་སྤྲད་པའི་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྱིས་སྤྱི་ཚོགས་ཐོག་གི་སྨན་བཅོས་སྒྲིག་གཞིར་སྨན་བཅོས་སྒྲིག་ཆས་ཆེ་རིགས་ཁ་པ་སྒྲིག་སྦྱོར་བྱེད་སྐབས་གསལ་བཤད་ཁས་ལེན་ལམ་ལུགས་ལག་ལེན་བསྟར་དགོས་པ་དང་། ཞིང་ཆེན་རིམ་པའི་འཕྲོད་བསྟེན་དང་འཆར་བཙའ་སྡེ་ཚན་གྱིས་དེ་མཚུངས་ཀྱི་ལས་དོན་སྒྲུབ་རིང་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་བྱ་ཐབས་བཟོ་དགོས་པ་མ་ཟད་ལྟ་སྐུལ་དོ་དམ་བྱ་ཤུགས་ཀྱང་ཆེ་རུ་གཏོང་དགོས།

    རིམ་ཁག་འཕྲོད་བསྟེན་དང་འཆར་བཙའ་སྡེ་ཚན་གྱིས་འབྲེལ་ཡོད་ཡིག་ཆའམ་ཡང་ན་ཚད་གཞིའི་ནང་གི་དོན་སྙིང་གང་ཡང་མེད་པའི་ངོ་སྤྲོད་ཡི་གེ་སྣ་ཚོགས་ཕྱོགས་ཡོངས་ནས་མེད་པ་བཟོ་དགོས། སྨན་བཅོས་སྒྲིག་གཞིས་སྨན་བཅོས་བརྡ་སྦྱོར་འདུན་ཞུ་བྱེད་སྐབས་བསྐྱལ་བའི《སྨན་བཅོས་སྒྲིག་གཞིའི་ལས་གཉེར་ཆོག་འཐུས་ལག་ཁྱེར》གྱི་དཔར་མའི་ཐོག་འཕྲོད་བསྟེན་དང་འཆར་བཙའ་སྲིད་འཛིན་སྡེ་ཚན་གྱི་གཞུང་ཐམ་ཚབ་ལ་རེ་འདུན་ཞུ་མཁན་གྱི་གཞུང་ཐམ་རྒྱག་དགོས། སྤྱི་ཚོགས་ཐོག་སྨན་བཅོས་སྒྲིག་གཞི་གཉེར་སྐབས་འདོན་དགོས་པའི་ཐོབ་ཐང་བཤེར་བའི་ངོ་སྤྲོད་ཡི་གེའི་འབྲེལ་ཡོད་དཔྱད་གཞི་གཙང་སེལ་དང་མེད་པ་བཟོ་བའི་ལས་དོན་སྤེལ་ཏེ་རྗེས་མཐུད་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས།

    ཆ་འཕྲིན་མཉམ་སྤྱོད་དང་ལས་སྒྲུབ་ཁས་ལེན་ལམ་ལུགས་ལ་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་ལས་སྒྲུབ་འཚོ་བར་སྟབས་བདེ་བསྐྲུན་དགོས། གྲོང་གསེབ་ཀྱི་འཆར་བཙའི་ཁྱིམ་ཚང་གི་རོགས་སྐྱོར་བྱ་དགའ་རེ་འདུན་ཞུ་མཁན་ཁག་ཅིག་གིས་བསྐྱལ་བའི་འཆར་བཙའི་འབྲེལ་ཡོད་ངོ་སྤྲོད་དཔྱད་གཞི་མེད་པ་བཟོ་དགོས་པ་དང་ནུབ་རྒྱུད་ས་ཁུལ་གྱི“ཉུང་བཙའ་མྱུར་ཕྱུག”གི་འདུ་འགོད་རེ་འདུན་ཞུ་མཁན་གྱི་མངལ་བཙའི་ཆ་འཕྲིན་དང་ཡུན་རིང་སྦྲུམ་འགོག་དང་བུ་བཙའ་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་བྱས་པའི་ངོ་སྤྲོད་སོགས་ཀྱི་འབྲེལ་ཡོད་དཔྱད་གཞི་མེད་པ་བཟོས་ཏེ་འབྲེལ་ཡོད་ཆ་འཕྲིན་ལ་འཕྲོད་བསྟེན་དང་འཆར་བཙའ་སྲིད་འཛིན་སྡེ་ཚན་གྱིས་འཕྲོད་བསྟེན་དང་འཆར་བཙའི་ཆ་འཕྲིན་མ་ལག་བརྒྱུད་ཞིབ་བཤེར་བྱེད་དགོས། ཕྱོགས་མིས་ཡུལ་གཞན་དུ་གཉེན་སྒྲིག་དང་བུ་ཕྲུག་བཙས་ཡོད་མེད་ཀྱི་ཆ་འཕྲིན་ཡག་པོ་བཤེར་ནས་ཆ་འཕྲིན་མཉམ་སྤྱོད་ལ་སྐུལ་འདེད་བཏང་སྟེ་གཉེན་སྒྲིག་བུ་བཙའི་ཡིག་ཐོག་ངོ་སྤྲོད་མེད་པ་བཟོ་དགོས།

    རིམ་ཁག་འཕྲོད་བསྟེན་དང་འཆར་བཙའ་སྡེ་ཚན་གྱིས་ལས་དོན་སྒྲུབ་རིང་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་བྱ་ཤུགས་ཆེ་རུ་བཏང་ནས་རྒྱལ་ཡོངས་ཀྱི་འཕྲོད་བསྟེན་དང་འཆར་བཙའི་ཁོངས་གཏོགས་ཀྱི“སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་ལྟ་སྐུལ་འཐེན་བཤེར་ལས་དོན་ཁྲོད“སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་བྱ་ཐབས་ཁྱོན་ཡོངས་ནས་སྤྱད་དེ“ཁྱོན་ཡོངས་ལ་ཁྱབ་པ་གཉིས”ཏེ། རྒྱལ་ཡོངས་ཀྱི་ཞིང་ཆེན་31ཚང་མར་ཁྱབ་པ་དང་འཕྲོད་བསྟེན་དང་འཆར་བཙའི་ལྟ་སྐུལ་ཁྲིམས་འཛིན་ལས་དོན་གྱི་ཁྱབ་ཁོངས་ཡོངས་ལ་ཁྱབ་པ་བྱེད་དགོས། 2017ལོའི་ལས་ཀའི་གཙོ་གནད་ལ་གཞིགས་ཏེ་གསར་དུ་བཟོ་བཅོས་བརྒྱབ་པའི《རིམས་འགོག་སྨན་ཁབ་འཁོར་རྒྱུག་དང་སྔོན་འགོག་ཁབ་རྒྱག་པའི་དོ་དམ་སྲོལ་ཡིག》དང་། དུག་སྲིན་འགོག་སྨན་བེད་སྤྱོད། ཁྲག་འཚག་སར་ཉིང་སྐྱུར་ཞིབ་དཔྱད་སོགས་ཀྱི་ནང་དོན་གསུམ་ལ“སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་བྱ་ཐབས་སྤྱད་དེ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་དགོས་པ་བཅས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།