[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཚེ་སྲོག་བགྲོད་ལམ་མགྱོགས་མྱུར་ཤར་གཏོང་ཐུབ་པས་གཟི་ཚྭ་སྡེ་དགུའི་རྫོང་གྲོང་ནང་ཁྲོམ་རའི་མཁོ་སྤྲོད་སྤྱིར་ན་བརྟན་པོ་ཡོད་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2017-08-12

    ཤིན་ཧྭ་གསར་འགྱུར་ཁང་དུ་སི་ཁྲོན་གཟི་ཚྭ་སྡེ་དགུ་ནས་ཟླ་8ཚེས་10ཉིན་གློག་འཕྲིན་འབྱོར་གསལ། སི་ཁྲོན་གཟི་ཚྭ་སྡེ་དགུའི་7.0རིམ་པའི་ས་ཡོམ་བརྒྱབ་རྗེས་དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་དཔུང་སྡེས་མགྱོགས་མྱུར་བརྡ་ལན་ཞུས་ཏེ་མེན་དབྱང་དང་། ཁྲེང་ཏུའུ། པེ་ཅིང་སོགས་ནས་དཔོན་དམག་386བཏང་བ་དང་འགྲོ་ལམ་མྱུར་བཟོའི་སྒྲིག་ཆས་122བཀོད་སྒྲིག་བྱས་ཏེ་གེགས་ཁུལ་དུ་འགྲོ་ལམ་མྱུར་བཟོ་ཤར་གཏོང་ལས་དོན་སྤེལ་བར་བསྐྱོད་ཡོད། དེ་དང་ཆབས་ཅིག་གཟི་ཚྭ་སྡེ་དགུ་རྫོང་གྲོང་ནང་ཁུལ་དུ་བཟོ་ཚོང་སྡེ་ཚན་གྱིས་མགྱོགས་མྱུར་བྱ་སྤྱོད་སྤེལ་ནས་ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དང་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་བྱས་ཡོད།

    ཚེས་10ཉིན་གྱི་སྔ་དྲོ་གསར་འགོད་པ་དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་དཔུང་སྡེ་དང་མཉམ་དུ་ཞིང་ཆེན་ལམ་301ཏུ་བསྐྱོད་པ་ཡིན། ལམ་བར་དུ་བྲག་སྟེང་ནས་རྡོ་ཧྲུག་ཡང་ཡང་ལྷུང་སྟེ་ཐལ་རྡུལ་གྱིས་ཁེངས་པ་དང་། འགྲོ་ལམ་ཕྱོགས་གཉིས་སུ་ས་ཡོམ་བརྒྱབ་ནས་ཆག་པའི་ཤིང་སྡོང་མི་ཉུང་བ་ཞིག་དང་དེ་བཞིན་རྡོ་ལྷུང་བ་དང་ཤིང་སྡོང་འོག་མནན་པའི་རླངས་འཁོར་གྱི་ཆག་རོ་མཐོང་རྒྱུ་འདུག དྲག་ཆས་ཉེན་རྟོག་དཔོན་དམག་མང་པོས་ཧྲུག་གཏོར་འཕྲུལ་ཆས་དང་རྐོ་འདྲུའི་འཕྲུལ་འཁོར་སོགས་སྒྲིག་ཆས་སྤྱད་དེ་འགྲོ་ལམ་གཡས་གཡོན་དུ་གཙང་སེལ་ལས་དོན་སྤེལ་བཞིན་ཡོད་པ་རེད།

    དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་དཔུང་སྡེའི་སི་ལིང་ཡོན་ཧྥུའུ་ལིང་གིས་གཟི་ཚྭ་སྡེ་དགུའི་མཛེས་ལྗོངས་ཁུལ་བརྒྱུད་སྐབས་འགྲོ་ལམ་གསུམ་ཡོད་པའི་ནང་གཟི་ཚྭ་སྡེ་དགུའི་མཛེས་ལྗོངས་ཁུལ་ནས་ཧོང་ལུང་གནམ་ཐང་དང་ཁྲེང་ཏུའུ་བར་གྱི་འགྲོ་ལམ་གཏོར་སྐྱོན་ཕོག་ཚབས་ཆེ་ཤོས་ཡིན། མིག་སྔར་དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་དཔུང་སྡེའི་དཔོན་དམག་ཚོས་ཕིང་ཝུའུ་རྫོང་ནས་གཟི་ཚྭ་སྡེ་དགུའི་བར་དང་ཧོང་ལུང་གནམ་ཐང་ནས་གཟི་ཚྭ་སྡེ་དགུའི་བར་གྱི་ཕྱོགས་གཉིས་ཀྱི་ལམ་མྱུར་བཟོ་ཤར་གཏོང་ཐུབ་རྒྱུའི་ལས་དོན་སྤེལ་བཞིན་ཡོད་ཅེས་ངོ་སྤྲོད་བྱས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།