[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་ཏོག་གསར་རིམས་འགོག་སྨན་ཁབ་ཀྱི་ཤེས་བྱའི་བདག་དབང་གི་ཚད་གཞི་ཆག་ཡང་གཏོང་བའི་ཐག་གཅོད་པར་ཀྲུང་གོས་སྐུལ་འདེད་བཏང་བ་ལས་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་སེམས་མངོན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-23

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་20ཉིན་གློག་འཕྲིན་འབྱོར་གསལ། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྐབས་བཅུ་གཉིས་པའི་པུའུ་ཀྲང་རིམ་པའི་ཚོགས་འདུ་ཟླ་6ཚེས་12ཉིན་ནས་ཚེས་17ཉིན་བར་སུའེ་ཙེར་གྱི་རི་ནེ་ཝར་ལེགས་གྲུབ་ལྡན་པའི་ངང་འཚོགས་པ་རེད། ཚོགས་འདུར་གྲུབ་འབྲས་གལ་ཆེན་མང་པོ་ཐོབ་པ་དེའི་ནང་ཏོག་གསར་རིམས་འགོག་སྨན་ཁབ་ཀྱི་ཤེས་བྱའི་བདག་དབང་གི་ཚད་གཞི་ཆག་ཡང་གཏོང་བའི་ཐད་པུའུ་ཀྲང་གིས་ཐག་བཅད་པ་དེར་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་རེད། ཚེས་20ཉིན་ཚོང་དོན་པུའུ་འཛམ་གླིང་ཚོང་དོན་སིའི་འགན་འཁུར་བས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོས་ཐག་གཅོད་པར་ལེགས་སྐྱེས་གལ་ཆེན་ཕུལ་བ་དང་གྲོས་མོལ་གྱི་འགག་རྩའི་དུས་སུ་དགེ་མཚན་ལྡན་པའི་ནུས་པ་བཏོན་ནས་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་སེམས་མངོན་ཡོད་ཅེས་བརྗོད་པ་རེད།

    མིག་སྔར་ཀྲུང་གོས་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་120ལྷག་ཙམ་ལ་ཏོག་གསར་རིམས་འགོག་སྨན་ཁབ་དུང་ཕྱུར་22མཁོ་འདོན་བྱས་པ་དེ་ནི་རྒྱལ་སྤྱིའི་རིམས་ནད་འགོག་བཅོས་མཉམ་ལས་ལ་ལེགས་སྐྱེས་གལ་ཆེན་ཕུལ་བ་ཞིག་རེད།

    2021ལོའི་ཟླ་5པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་བདེ་ཐང་དབུ་ཚོགས་ཐོག་ཀྲུང་གོས་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ཀྱི་ཤེས་བྱའི་བདག་དབང་གི་ཚད་གཞི་ཆག་ཡང་གཏོང་བར་རྒྱབ་སྐྱོར་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་མ་ཟད། འཛམ་གླིང་ཚོང་དོན་རྩ་འཛུགས་སོགས་རྒྱལ་སྤྱིའི་སྒྲིག་གཞིས་སྔ་ཙམ་ཐག་གཅོད་རྒྱུར་ཡང་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་གནང་བ་རེད། དེ་རྗེས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འབྲེལ་ཡོད་རྒྱལ་སྤྱིའི་བྱེད་སྒོ་སྤེལ་ཡུལ་དུ་ཀྲུང་གོས་རིམས་འགོག་སྨན་ཁབ་ཀྱི་ཤེས་བྱའི་བདག་དབང་གི་ཚད་གཞི་ཆག་ཡང་གཏོང་བའི་གནད་དོན་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་བསྐྱར་བསྒྲགས་ཐེངས་མང་གནང་བ་རེད།

    འགན་འཁུར་བ་དེས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྲོམ་གཞིའི་འོག་གི་ཏོག་གསར་རིམས་འགོག་སྨན་ཁབ་ཀྱི་ཤེས་བྱའི་བདག་དབང་གི་ཚད་གཞི་ཆག་ཡང་གཏོང་བའི་གྲོས་གཞིའི་གྲོས་མོལ་ནང་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཞུགས་ནས་འཕེལ་རྒྱས་འགྲོ་བཞིན་པའི་ཁོངས་མིའི་རིམས་འགོག་སྨན་ཁབ་ཀྱི་ཁྱབ་ནུས་དང་ཐེག་ནུས་ཀྱི་གནད་དོན་ལ་རྒྱབ་སྐྱོར་དང་དོ་ཁུར་བྱས་ཏེ་ཨ་རི་དང་། ཡོ་རོབ་མནའ་འབྲེལ། རྒྱ་གར། ལྷོ་ཨ་ཧྥེ་རི་ཁ་སོགས་ཀྱི་ཁོངས་མིའི་དབར་འབྲེལ་གཏུག་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་ཕྱོགས་ཁག་དབར་མི་མཐུན་ས་སེལ་རྒྱུར་སྐུལ་འདེད་བཏང་སྟེ་སྔ་ཙམ་གཅིག་མཐུན་ཡོང་བ་བྱེད་དགོས་པའི་ནན་བཤད་བྱས་ཡོད་ཅེས་བརྗོད་པ་རེད།

    སྐབས་འདིའི་པུའུ་ཀྲང་རིམ་པའི་ཚོགས་འདུའི་ཐོག་གྲོས་མོལ་བྱེད་པའི་འགག་རྩའི་དུས་མཚམས་སུ་ཏོག་གསར་རིམས་འགོག་སྨན་ཁབ་ཐོན་སྐྱེད་དང་མཁོ་སྤྲོད་བྱེད་མཁན་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཀྲུང་གོས་རང་འགུལ་ངང་ཤེས་བྱའི་བདག་དབང་གི་ཚད་གཞི་ཆག་ཡང་བཏང་བ་ལས་བྱུང་བའི་སྟབས་བསྟུན་རང་བཞིན་ལོངས་སུ་མི་སྤྱོད་པ་ཁྱབ་བསྒྲགས་བྱས་པ་དེ་ཐོག་ནས་རྒྱལ་ཁབ་ཆེན་པོའི་འགན་འཁྲིའི་འཁུར་སེམས་མངོན་པ་དང་། ཕྱོགས་མང་གི་འཕེལ་རིམ་བདེ་བླག་ངང་འབུལ་བ་མ་ཟད་མཐར་ཚོགས་འདུའི་གྲུབ་འབྲས་ཐོབ་རྒྱུར་རྨང་གཞི་བཏིང་ཡོད། ཀྲུང་གོས་གྲོས་མོལ་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་པར་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་དབྱི་ཝུའེ་ལ་དང་ཁོངས་མི་གཞན་དག་གི་ཚད་མཐོའི་བསྔགས་བརྗོད་ཐོབ་ཡོད་པ་དེའང་ཀྲུང་གོས་ཕྱོགས་མང་གི་ཚོང་དོན་སྒྲིག་སྲོལ་སྲུང་སྐྱོབ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ལག་ལེན་བསྟར་བའི་བྱ་སྤྱོད་དངོས་ཤིག་ཀྱང་རེད།

    ཏོག་གསར་རིམས་འགོག་སྨན་ཁབ་ཀྱི་ཤེས་བྱའི་བདག་དབང་གི་ཚད་གཞི་ཆག་ཡང་གཏོང་བའི་ཐད་པུའུ་ཀྲང་གིས་ཐག་བཅད་པའི་དོན་སྙིང་གལ་ཆེན་སྐོར་ལ་འགན་འཁུར་བ་དེས་མིག་སྔར་ལོ་བརྒྱའི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་ཀྱི་ཤུགས་རྐྱེན་མཉམ་དུ་ཕོག་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་ཚོང་དོན་འཕེལ་རྒྱས་ལ་གཏན་འཁེལ་མེད་པའི་རྒྱུ་རྐྱེན་མང་པོ་ཞིག་འཕྲད་ཡོད་ལ་ཕྱོགས་མང་ཚོང་དོན་སྒྲིག་གཞིར་ཡང་འགྲན་སློང་དྲག་པོ་འཕྲད་ཡོད། ཏོག་གསར་རིམས་འགོག་སྨན་ཁབ་ཀྱི་ཤེས་བྱའི་བདག་དབང་གི་ཚད་གཞི་ཆག་ཡང་གཏོང་བའི་ཐད་པུའུ་ཀྲང་གིས་ཐག་བཅད་པ་དེ་ཐོག་ནས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཁ་གཏད་ཧུར་ཐག་གཅོག་པར་བཏོན་པའི་འགག་རྩའི་ནུས་པ་མཚོན་པ་དང་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་ཁོངས་མིའི་མཐུན་སྒྲིལ་མཉམ་ལས་ཀྱི་སྙིང་སྟོབས་བརྒྱུད་སྤྲོད་བྱས་པས་ཕྱོགས་མང་ཚོང་དོན་སྒྲིག་གཞིར་འཛིན་པའི་ཕྱོགས་ཁག་གི་ཡིད་ཆེས་ཆེ་རུ་ནུས་ལྡན་ཕྱིན་ཡོད་ཅེས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།