[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཅ་དབན་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོའི་ཕུག་ལམ་13ཚང་མ་ཏལ་འབིགས་ཐུབ་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-23

    2613552_yis_1655874601085_s.jpg

     འདི་ནི་ཟླ་6ཚེས་21ཉིན་པར་བླངས་པའི་ཧིན་རྡུ་ཉི་ཞི་ཡའི་ཅ་དབན་མྱུར་བགྲོད་ལྕགས་ལམ་གྱི་ཕུག་ལམ་2པ་ཏལ་འབིགས་ཐུབ་པའི་མཛད་སྒོ་འཚོག་ཡུལ་ཡིན་པ།

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཅ་ཁར་ཐ་ནས་ཟླ་6ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཚེས་21ཉིན། ཧིན་རྡུ་ཉི་ཞི་ཡའི་གྲོང་ཁྱེར་ཅ་ཁ་ཐའི་མྱུར་བགྲོད་ལྕགས་ལམ་གྱི་ཕུག་ལམ་2པ་ཏལ་འབིགས་བདེ་བླག་ཐུབ་པ་དང་། དེ་ཐོག་ནས་ཅ་དབན་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོའི་ཕུག་ལམ་13ཚང་མ་ཏལ་འབིགས་ཐུབ་ནས་2023ལོའི་ཟླ་6པར་སྐྲུན་མཇུག་འགྲིལ་རྗེས་མེ་འཁོར་ཤར་གཏོང་ཐུབ་རྒྱུར་རྨང་གཞི་བཏིང་པ་མཚོན་ཡོད་པ་རེད།

    ཅ་དབན་མྱུར་བགྲོད་ལྕགས་ལམ་རྣམ་གྲངས་པུས་ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་དེར་ཁྱོན་ཕུག་ལམ་13གསར་དུ་བསྐྲུན་པར་སྤྱིའི་རིང་ཚད་སྨི་16643ཟིན་ཡོད། ཕུག་ལམ་གནས་སའི་ས་ཁོངས་སུ་མྱགས་ས་དང་། ཟེགས་རྡོ་སོགས་མང་བ་དང་ཁེབས་ས་ཉུང་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད་པས། ཕུག་ལམ་གྱི་གྲུབ་ཆ་བརྟན་པོ་མེད་པ་དང་། བཟོ་ལྟ་འགྱུར་བ་སོགས་ཀྱི་གནད་དོན་ཐོན་སླ་བ་དང་། ཨར་ལས་ཀྱི་དཀའ་ཚེགས་ཆེ་བ་དང་བདེ་འཇགས་ཉེན་ཁ་ཆེན་པོ་ཡོད་པ་རེད། ད་ཐེངས་ཏལ་འབིགས་ཐུབ་པའི་ཕུག་ལམ་2པ་དེ་ཤིས་ཀྭ་ཧྲེང་ཧྥུའུ་ཝ་ཅ་ཏ་རྫོང་དུ་གནས་ཡོད་པ་དང་། རིང་ཚད་སྨི་1052དང་། གཏིང་རིང་ཤོས་ལ་སྨི་53.6ཟིན་ཡོད། དེ་ནི་ལམ་ཐག་ཧྲིལ་པོའི་འཛུགས་སྐྲུན་གྱི་དཀའ་ཚེགས་ཆེ་ཤོས་ཀྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭའི་གྲས་ཤིག་རེད།

    ཅ་དབན་མྱུར་བགྲོད་ལྕགས་ལམ་གྱིས་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ས་ཅ་ཁར་ཐ་དང་གྲོང་ཁྱེར་ཆེ་གྲས་བཞི་པ་དབན་ལུང་འབྲེལ་མཐུད་ཐུབ་ཡོད་པ་དང་། རིང་ཚད་སྤྱི་ལེ་142ཟིན་པ་དང་། ཇུས་འགོད་བྱས་པའི་ཆུ་ཚོད་རེའི་མྱུར་ཚད་མཐོ་ཤོས་སྤྱི་ལེ་350ཟིན་ཞིང་། དེ་ནི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་ཀྱི་མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་ཤིག་རེད་ལ། བརྒྱུད་རིམ་ཧྲིལ་པོའི་རང་བཞིན་དང་། རྒྱུ་རྐྱེན་གཙོ་བོ་ཧྲིལ་པོའི་རང་བཞིན། ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་རང་བཞིན་བཅས་ཐེངས་དང་པོ་ལྡན་པའི་ལྕགས་ལམ་རང་རྒྱལ་གྱིས་ཕྱི་རྒྱལ་དུ་འཛུགས་སྐྲུན་བྱེད་པའི་རྣམ་གྲངས་ཤིག་རེད། ཅ་དབན་མྱུར་བགྲོད་ལྕགས་ལམ་བསྐྲུན་རྗེས། ཅ་ཁ་ཐར་ནས་དབན་ལུང་བར་གྱི་འགྲུལ་བཞུད་དུས་ཚོད་དེ་སྔའི་ཆུ་ཚོད་3ལྷག་ཙམ་ནས་སྐར་མ་40བར་ཐུང་དུ་འགྲོ་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།