[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འབོ་གསེར་མཉམ་ལས་ཀྱིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

    ཁམ་ཕུ་ཁྲེའི་གོང་མ་ཚང་ཚན་རིག་ཁང་རྒྱལ་སྤྱིའི་འབྲེལ་བའི་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཅིན་ཕིང་ལ་བཅར་འདྲི་ཞུས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།   ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝུའུ་ཁྲང་ཝུའེ།    |    སྤེལ་དུས།   2022-06-23

    ཉིན་ཤས་གོང་ཁམ་ཕུ་ཁྲེའི་གོང་མ་ཚང་ཚན་རིག་ཁང་རྒྱལ་སྤྱིའི་འབྲེལ་བའི་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཅིན་ཕིང་གིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཡིག་ཐོག་གི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ལམ་སྲོལ་གྱིས་ཕྱོགས་མང་མཉམ་ལས་དང་། བསྟུན་མཁས་རང་བཞིན་གྱི་དཔལ་འབྱོར་འཕར་སྣོན། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བར་ཐོག་མཐའ་བར་གསུམ་དུ་གཞོལ་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་བརྗོད།

    ཅིན་ཕིང་གིས་འབོ་གསེར་མཉམ་ལས་ལམ་སྲོལ་ལག་ལེན་བསྟར་ཚུན་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཐོབ་པ་དཔེར་ན། འབོ་གསེར་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་གསར་པ་དང་དེ་བཞིན་འདི་ལོ་ལག་ལེན་བསྟར་འགོ་ཚུགས་པའི་འབོ་གསེར་རྒྱལ་ཁབ་ཀྱི་རིམས་འགོག་སྨན་ཁབ་ཞིབ་སྤེལ་ལྟེ་གནས་སོགས་རེད། ཁོང་གིས་འབོ་གསེར་རྒྱལ་ཁབ་ཀྱིས་སྒྲིག་སྲོལ་རྨང་གཞིར་བྱེད་པའི་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱེད་པ་དེ་དེང་སྐབས་འཛམ་གླིང་ལ་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། འབོ་གསེར་རྒྱལ་ཁབ་ནི་གོ་ལ་ཧྲིལ་པོའི་བསྟུན་མཁས་རང་བཞིན་གྱི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གལ་ཆེན་ཞིག་ཡིན་པས་གོ་ལ་ཧྲིལ་པོའི་དཔལ་འབྱོར་མཉམ་ལས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད་ཅེས་བརྗོད།

    ཅིན་ཕིང་གིས“འབོ་གསེར+”ཀྱི་མཉམ་ལས་བྱེད་སྟངས་ལ་བསྔགས་བརྗོད་བྱས་པ་དང་འབྲེལ། “འབོ་གསེར+”ཀྱི་ཐོག་ནས་ཕྱོགས་མང་རིང་ལུགས་དང་སྣ་མང་རིག་གནས་ཀྱི་སྙིང་སྟོབས་ངོ་མ་མངོན་ཡོད་པས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་ཐུན་མོང་གི་བསམ་འདུན་ཕྱོགས་སུ་འབད་འབུངས་བྱེད་པར་སྔར་བས་སྐུལ་འདེད་ཐེབས་རྒྱུ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།

    ཅིན་ཕིང་གིས་ཀྲུང་གོས་བཏོན་པའི་གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོར་ཚད་མཐོའི་གདེང་འཇོག་བྱེད་ཀྱི་ཡོད། ཁོང་གིས་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ་ནི་བདེ་འཇགས་གཅིག་མཐུན་འདུས་གྲུབ་འཛུགས་རྒྱུར་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་པ་དང་གྲོས་འགོ་དེས《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས》ཀྱི་དགོངས་དོན་དར་སྤེལ་བཏང་ཡོད། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཀྱི་ནུས་པ་ཐེབས་རྒྱུ་རེད་ཅེས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།