[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
 • ཕོ་ལན་གྱི་ཝེ་ཆི་ཚོགས་པའི་དབུ་བཞུགས་ཚོང་དོན་དཔོན་མཱ་ཆི་ཡར་ཆི་ཁེ—ཕི་སར་སི་གཱས་བརྗོད་དོན།

  “ཕོ་ཀྲུང་དབར་གལ་ཆེའི་སྦྲེལ་ཟམ་ཞིག་བསྐྲུན་པ”

 • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།   མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཡུས་དབྱང་།    |    སྤེལ་དུས།   2021-08-29

  ཕོ་ལན་གྱི་འོ་མ་དང་། འོ་རྩམ། ཕྱུ་ར་སོགས་ཐོན་རྫས་2020ལོར་ཀྲུང་གོའི་ཁྲོམ་རར་ཕྱིར་ཚོང་བྱེད་ཚད་70%འཕར་ནས། ཀྲུང་གོ་ནི་ཕོ་ལན་གྱི་དཀར་ཆུའི་ཐོན་རྫས་ཕྱིར་གཏོང་བྱེད་ཚད་འཕར་མགྱོགས་ཤོས་ཀྱི་ཁྲོམ་རར་གྱུར་ཡོད། “ཕོ་ལན་ནི་ཡོ་རོབ་མནའ་འབྲེལ་གྱི་འོ་མ་ཐོན་འབོར་གྱི་འཕར་ཚད་མགྱོགས་ཤོས་རྒྱལ་ཁབ་གསུམ་གྱི་གྲས་ཤིག་ཏུ་གྱུར་ནས། དཀར་ཆུའི་ཐོན་རྫས་ཀྱི་ཐོན་འབོར་དང་ཕྱིར་གཏོང་བྱེད་ཚད་འཕར་བ་འདི་ནི་ཚད་གཞི་མཐོན་པོའི་ངོས་ནས་བཤད་ན་ཀྲུང་གོའི་ཁྲོམ་རའི་དགོས་མཁོ་ཆེ་རུ་ཕྱིན་པ་དང་ཀྲུང་ཡོའི་དུས་གཏན་མེ་འཁོར་བརྟན་པོའི་ངང་གཉེར་སྐྱོང་བྱས་པའི་དྲིན་ཡིན”ཞེས་ཕོ་ལན་གྱི་ཝེ་ཆི་ཚོགས་པའི་དབུ་བཞུགས་ཚོང་དོན་དཔོན་མཱ་ཆི་ཡར་ཆི་ཁེ—ཕི་སར་སི་གཱས་བཤད།

  ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་འོག ཕོ་ལན་གྱི་དཀར་ཆུའི་ཐོན་རྫས་ཡོ་རོབ་ཁྲོམ་རར་ཕྱིར་ཚོང་བྱེད་པའི་ཐད་དཀའ་ངལ་ངེས་ཅན་འཕྲད་དེ་ཕོ་ལན་གྱི་འོ་མ་མཁོ་འདོན་བྱེད་མཁན་ཚོའི་ཁེ་སྤོགས་ཆེས་ཆེར་ཆག་ཡོད་པ་རེད། ཡིན་ན་ཡང“ཀྲུང་གོས་རིམས་ནད་མགྱོགས་མྱུར་ཚོད་འཛིན་ཐུབ་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་གང་མགྱོགས་སླར་གསོ་བྱུང་ཡོད། ཀྲུང་ཡོའི་དུས་གཏན་མེ་འཁོར་གཏོང་ཐེངས་རྒྱུན་ཆད་མེད་པར་མང་དུ་བཏང་བས་ང་ཚོས་ཀྲུང་གོར་ཕྱིར་གཏོང་བྱེད་ཚད་ཐད་ཟིན་ཐོ་གསར་པ་ཡང་ཡང་གཏོད་ཡོད”ཅེས་མཱ་ཆི་ཡར་ཆི་ཁེ—ཕི་སར་སི་གཱས་བཤད།

  “ཕོ་ལན་ནི་ཡོ་རོབ་མནའ་འབྲེལ་གྱི་དཀར་ཆུའི་ཐོན་རྫས་ཐོན་སྐྱེད་དང་ཕྱིར་གཏོང་བྱེད་མཁན་རྒྱལ་ཁབ་ཆེན་པོ་ཞིག་ཡིན་ཞིང་། ཀྲུང་གོར་འཛད་སྤྱོད་ཁྲོམ་ར་ཆེན་པོ་ཡོད། ཀྲུང་ཡོའི་དུས་གཏན་མེ་འཁོར་གྱིས་ཕོ་ཀྲུང་དབར་གལ་ཆེའི་སྦྲེལ་ཟམ་ཞིག་བསྐྲུན་ཡོད” རྒྱལ་སྤྱིའི་ཟོག་འགྲེམས་ཐག་གཅོད་ཇུས་གཞི་གསར་རྐྱང་འདིས་ཕོ་ལན་ནས་ཀྲུང་གོའི་དབར་གྱི་སྐྱེལ་འདྲེན་དུས་ཚོད་དེ་མཚོ་ཐོག་སྐྱེལ་འདྲེན་གྱི་ཉིན་40ནས་སྐམ་ལམ་སྐྱེལ་འདྲེན་གྱི་ཉིན་14ཡས་མས་བར་ཐུང་དུ་བཏང་ཡོད་ལ། འདི་ནི་ཕོ་ལན་གྱི་དཀར་ཆུའི་ཐོན་རྫས་དང་ཞིང་ཟོག་གཞན་རིགས་གཉེར་སྐྱོང་བྱེད་མཁན་ཁེ་ལས་ཁག་ལ་མཚོན་ན་དོན་བཟང་ཞིག་རེད་ཅེས་མཱ་ཆི་ཡར་ཆི་ཁེ—ཕི་སར་སི་གཱས་བཤད།

  ཕོ་ལན་གྱི་གྲོང་རྡལ་ཆུང་ངུ་མཱ་ལཱ་ཧྲེ་ཝེ་ཆི་ནི་ཕོ་ལན་དང་བྷེ་ཨུ་རུ་སུ་འདྲེས་མཚམས་སུ་གནས་ཡོད་ལ། ཀྲུང་ཡོའི་དུས་གཏན་མེ་འཁོར་ཤར་ནས་ལྷོ་རུ་ཡོ་རོབ་མནའ་འབྲེལ་ཁུལ་དུ་སྐྱོད་པའི་བརྒྱུད་འདྲེན་བབས་ཚུགས་དང་པོ་དེ་ཡིན་པའི་ཆ་ནས། མཱ་ལཱ་ཧྲེ་ཝེ་ཆིའི་བབས་ཚུགས་ཀྱང་ཡོ་རོབ་མནའ་འབྲེལ་གྱི་ཟོག་འགྲེམས་བསྡུ་འགྲེམས་ལྟེ་གནས་གལ་ཆེ་ཤོས་ཤིག་ཏུ་གྱུར་ཡོད་པ་རེད།

  “སྔོན་ཆད་མཱ་ལཱ་ཧྲེ་ཝེ་ཆིའི་རྒྱུན་སྡོད་ཡུལ་མི་མང་ཆེ་བ་རྒན་རྒོན་ཡིན་ལ་ན་གཞོན་ཕལ་ཆེ་བས་ཝར་སོ་སོགས་གྲོང་ཁྱེར་ཆེ་གྲས་ཁག་ཏུ་ལས་ཀ་བྱེད་ཀྱི་ཡོད། ད་ཆ་འདི་ག་རིམ་བཞིན་མ་འཇོག་ཁུལ་ཞིག་ཏུ་གྱུར་ནས་ཁེ་ལས་སྔར་བས་མང་པོ་ཞིག་གིས་བབས་ཚུགས་ཉེ་འགྲམ་དུ་བཟོ་གྲྭ་བསྐྲུན་ཏེ་ཕྱིར་ལས་ཀ་བྱེད་བཞིན་པའི་ན་གཞོན་མང་པོ་ཕ་ཡུལ་དུ་ལོག་ནས་ཟོག་འགྲེམས་དང་འབྲེལ་བའི་ལས་ཀ་གཉེར་རྒྱུའི་ཡིད་དབང་བཀུག་ཡོད། ཀྲུང་ཡོའི་དུས་གཏན་མེ་འཁོར་ཤར་གཏོང་ཐུབ་པ་ལས་ས་གནས་འདི་གའི་ཡུལ་མི་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་ཐེབས་པ་མ་ཟད། ད་དུང་བབས་ཚུགས་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཀྱང་ཐེབས་ཡོད། འདི་ལོ་ནས་བཟུང་། མཱ་ལཱ་ཧྲེ་ཝེ་ཆིའི་བབས་ཚུགས་རྒྱས་སྐྲུན་ལས་དོན་ལ་སྐུལ་འདེད་སྔར་ལས་མགྱོགས་པ་གཏོང་རྒྱུ་ཡིན་པས། འདི་ལས་ཕོ་ལན་ལ་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་མང་པོ་ཐོབ་རྒྱུའི་ཡིད་ཆེས་ཡོད”ཅེས་མཱ་ཆི་ཡར་ཆི་ཁེ—ཕི་སར་སི་གཱས་བཤད།

  “ཀྲུང་ཡོའི་དུས་གཏན་མེ་འཁོར་གྱིས་ཡོ་ཀྲུང་ཉོ་ཚོང་ལ་ཐབས་ལམ་དང་གོ་སྐབས་གསར་པ་མཁོ་འདོན་བྱས་ཡོད། ཕོ་ལན་ནི‘རྒྱུད་གཅིག་ལམ་གཅིག’རྒྱུད་ཀྱི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས་ཕན་པ་ཐོབ་ཡོད་ལ་ད་དུང་མུ་མཐུད་ཐོབ་རྒྱུ་རེད”ཅེས་མཱ་ཆི་ཡར་ཆི་ཁེ—ཕི་སར་སི་གཱས་བཤད།

  --    --

  འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།