[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཐུར་ཁེའི་རིག་གནས་སྤེལ་རེས་གླེང་སྟེགས་དབྱི་སི་ཐན་པོར་དུ་འཚོགས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-22

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་དབྱི་སི་ཐན་པོར་ནས་ཟླ་10ཚེས་18ཉིན་གློག་འཕྲིན་འབྱོར་གསལ། “ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་སྐམ་ས་ཆེ་མོར་དོ་སྣང་བྱེད། —— གཉིས་ཁེ་གཉིས་ཕན་གྱི་ཀྲུང་ཐུར་རིག་གནས་སྤེལ་རེས”བརྗོད་དོན་གཙོ་བོར་བྱས་པའི་ཀྲུང་གོ་དང་ཐུར་ཁེའི་རིག་གནས་སྤེལ་རེས་གླེང་སྟེགས་ཚེས་18ཉིན་ཐུར་ཁེའི་གྲོང་ཁྱེར་ཆེ་ཤོས་དབྱི་སི་ཐན་པོར་དུ་འཚོགས་པ་རེད།

    གླེང་སྟེགས་དེ་ཐུར་ཁེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་། དབྱི་སི་ཐན་པོར་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ཁང་། ཀྲུང་གོ་ཕྱི་སྐད་ཅུས། ཐུར་ཁེའི་ཐུ་ཁུ་ཝ་ཙེ་སྨྱན་སྦྱོར་ཚོགས་པ་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་ཞིག་རེད། ཐུར་ཁེའི་རིག་གནས་དང་ཡུལ་སྐོར་པུའུ་ཀྲང་མོ་ཧན་མོ་ཏེ·ཨེ་ཨར་སུའུ་དབྱིས་གླེང་སྟེགས་ཐོག་ཐུར་ཁེར་ཡུལ་སྐོར་དུ་ཡོང་མཁན་ཀྲུང་གོ་བ་ཇེ་མང་དུ་འགྲོ་བཞིན་ཡོད། དེས་རྒྱལ་ཁབ་གཉིས་པོའི་དམངས་ཚོགས་དབར་ཤེས་རྟོགས་ཟབ་ཏུ་འགྲོ་བར་ཕན་པ་ཡོད། ཐུར་ཀྲུང་གིས“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་མཉམ་ལས་འཕེལ་རྒྱས་གཏོང་བ་དང་། ལྷག་པར་དུ་ནུས་རྒྱུ་དང་། དཔལ་འབྱོར། རིག་གནས། འགྲིམ་འགྲུལ་བཅས་ཀྱི་ཁྱབ་ཁོངས་ཐད་མཉམ་ལས་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།

    ཀྲུང་གོ་ཕྱི་སྐད་ཅུས་ཀྱི་ཅུས་ཀྲང་ཏུའུ་ཀྲན་ཡོན་གྱིས། ཕྱི་སྐད་ཅུས་ཀྱིས་ཀྲུང་ཐུར་རྒྱལ་ཁབ་གཉིས་པོའི་དབར་ཤེས་རྟོགས་ཟབ་ཏུ་གཏོང་བ་དང་སྤེལ་རེས་དཔྱད་གཞིར་འཛིན་པར་འབད་བརྩོན་ཧུར་ཐག་བྱེད་འདོད་ཡོད་ལ། རྒྱལ་སྤྱིའི་བརྒྱུད་བསྒྲགས་འཇོན་ཐང་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས་འཛམ་གླིང་ལ་དུས་རབས་གསར་པའི་ཀྲུང་གོ་དེ་བས་ཡག་པ་ཞིག་ངོ་སྤྲོད་བྱེད་པ་དང་དོན་དངོས་དང་། ལངས་གཟུགས། ཕྱོགས་ཡོངས་བཅས་ཀྱི་ཀྲུང་གོ་དེ་བས་ཡག་པ་ཞིག་ངོམ་སྟོན་བྱས་ནས་ཀྲུང་གོ་འཛམ་གླིང་ས་ཕྱོགས་ཁག་ཏུ་སྐད་གྲགས་ཆོད་པ་དང་འཛམ་གླིང་ས་ཕྱོགས་ཁག་གིས་ཀྲུང་གོ་ཤེས་རྟོགས་ཐུབ་པར་ལེགས་སྐྱེས་གསར་པ་དེ་བས་ཆེན་པོ་འབུལ་གྱི་ཡིན་ཞེས་བརྗོད་པ་རེད།

    དབྱི་སི་ཐན་པོར་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་བ་ཚུའེ་ཝེ་ཡིས། ཉེ་བའི་ལོའི་ནང་ཀྲུང་ཐུར་རིག་གནས་སྤེལ་རེས་གླེང་སྟེགས་ཟམ་མི་ཆད་པར་མང་དུ་སོང་ནས་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་མཉམ་ལས་འབྲེལ་བ་འཕེལ་རྒྱས་ཀྱི་འབུད་འདེད་འཕྲུལ་འཁོར་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅེས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།