[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ལི་ཧའེ་མཚོ་ཁུལ་གྱི་དཔལ་འབྱོར་གླེང་སྟེགས་སྐབས་དང་པོས་ས་ཁུལ་གྱི་འཕེལ་རྒྱས་ལ་འཆར་གཞི་བཀོད་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-20

    ཤིན་ཧྭ་གསར་འགྱུར་ཁང་ཏུར་མེན་སི་ཐན་གྱི་གྲོང་ཁྱེར་ཏུར་མེན་པ་ཤི་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ལི་ཧའེ་མཚོ་ཁུལ་གྱི་དཔལ་འབྱོར་གླེང་སྟེགས་སྐབས་དང་པོ་ཏུར་མེན་སི་ཐན་གྱི་ལི་ཧའེ་མཚོ་ཁུལ་གྱི་གྲོང་ཁྱེར་ཏུར་མེན་པ་ཤིར་འཚོགས་པ་དང་། རྒྱལ་ཁབ་20ལྷག་ཙམ་གྱི་འཐུས་མི་3000ལྷག་ཙམ་གྱིས་ས་ཁུལ་གྱི་ཚོང་དོན་དང་མ་འཇོག་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གྲོས་གཞིར་གྲོས་བསྡུར་བྱས་ཤིང་། བགྲོ་གླེང་གི་སྒྲོམ་གཞིའི་ནང་ཁྱོན་རིགས་ཁག་གི་མཉམ་ལས་ཡིག་ཆ་57བཞག་ནས་ལི་ཧའེ་མཚོ་ཁུལ་གྱི་འབྱུང་འགྱུར་འཕེལ་རྒྱས་ལ་འཆར་གཞི་བཀོད་པ་རེད།

    ད་ཐེངས་ཀྱི་གླེང་སྟེགས་ཐོག་ཨུ་རུ་སུ་དང་། ཧ་སག་སི་ཐན། ཏུར་མེན་སི་ཐན། ཨ་ཟེར་བྷེ་ཇན། དབྱི་རན་བཅས་ལི་ཧའེ་མཚོ་རྒྱུད་ཀྱི་རྒྱལ་ཁབ་5ཡི་འགོ་ཁྲིད་པས་ལི་ཧའེ་མཚོ་རྒྱུད་ཁུལ་དེ་མཚོ་ཁུལ་གྱི་རྒྱལ་ཁབ་དང་ས་ཁུལ་གཞན་གྱི་མཉམ་ལས་ནང་ཞུགས་འདོད་པའི་རྒྱལ་ཁབ་དབར་གྱི་འབྲེལ་མཐུད་འབྲེལ་ཟམ་དུ་བསྐྲུན་རྒྱུ་མ་ཟད། ལི་ཧའེ་མཚོ་རྒྱུད་ཀྱི་འགྲིམ་འགྲུལ་དྲ་བ་འཕེལ་རྒྱས་དང་། སྐྱེལ་འདྲེན་མ་ལག་འཐུས་སྒོ་ཚང་བ། མཚོ་རྒྱུད་རྒྱལ་ཁབ་ཀྱི་རང་མོས་ཚོང་དོན་ཁུལ་བསྐྲུན་རྒྱུ་བཅས་ནི་འབྱུང་འགྱུར་ཁུལ་ཁོངས་འཕེལ་རྒྱས་ཀྱི་ཁ་ཕྱོགས་གཙོ་བོ་ཡིན་ཞེས་བརྗོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཏུར་མེན་སི་ཐན་གྱིས་ཉེ་བའི་ལོ་ཤས་རིང་ཕྱིར་ཕྱོགས་པའི་སྐྱེལ་འདྲེན་དྲ་བ་བསྐྲུན་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བ་དང་འབྲེལ། མ་དངུལ་ཨ་སྒོར་དུང་ཕྱུར་བཅུ་ཕྲག་བཏང་ནས་སྤྱི་ལེ་སྟོང་ཕྲག་ཟིན་པའི་ལྕགས་ལམ་དང་གཞུང་ལམ་བསྐྲུན་ཡོད། ཏུར་མེན་པ་ཤི་གྲུ་ཁ་གསར་པ་ན་ནིང་སྤྱོད་འགོ་ཚུགས་པ་དང་དངོས་ཟོག་འདོན་འཇུག་བྱེད་ཚད་ཏུན་ཁྲི་2700ཟིན་ཡོད་ཅིང་། ཏུར་མེན་སི་ཐན་གྱིས་ད་དུང་རྒྱལ་ཁབ་རྒྱ་མཚོའི་ཚོང་དོན་གྲུ་གཟིངས་རུ་ཁག་བཙུགས་ནས་ཕྱི་ཕྱོགས་ཚོང་དོན་རྒྱ་ཆེར་གཏོང་རྒྱུར་ཤུགས་བརྒྱབ་ཡོད།

    གླེང་སྟེགས་ཐོག རྒྱལ་ཁབ་ཁག་གི་འཐུས་མི་ཚོས་ལི་ཧའེ་མཚོ་ཁུལ་གྱི་འགྲིམ་འགྲུལ་བཀོད་སྒྲིག་དོན་འཁྱོལ་ཐད་གྲོས་བསྡུར་བྱས་ཤིང་། དབྱི་རན་དང་། ཏུར་མེན་སི་ཐན། ཧ་སག་སི་ཐན། རྒྱ་གར་བཅས་ཀྱིས་ལྷོ་བྱང་འབྲེལ་མཐུད་ཀྱི་ལྕགས་ལམ་བར་ཁྱམས་བསྐྲུན་རྒྱུར་གྲོས་བསྡུར་དང་།  ཨ་ཟེར་བྷེ་ཇན་དང་། ཨ་ཧྥུ་ཀ་ནི་སི་ཐན། ཏུར་མེན་སི་ཐན། འཇོར་ཇི་ཡ། ཐུར་ཁེ་བཅས་ཀྱིས“མུ་མེན་བར་ཁྱམས”འཛུགས་སྐྲུན་ཐད་བསམ་འཆར་བརྗེ་རེས་བྱས་པ་རེད། ན་ནིང་ལོ་མཇུག་ཏུ་སྐྱེལ་འདྲེན་རླངས་འཁོར་རུ་ཁག་གིས་ཉིན་15ནང་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཞིང་ཞོར་ཐོན་ཟོག་ལམ་བུ་དེ་བརྒྱུད་ཐུར་ཁེར་དབོར་བ་རེད།

    ད་ཐེངས་ཀྱི་དཔལ་འབྱོར་གླེང་སྟེགས་ཀྱི་སྒྲོམ་གཞིའི་འོག་ལི་ཧའེ་མཚོ་རྒྱུད་རྒྱལ་ཁབ་ཀྱི་འགྲིམ་འགྲུལ་པུའུ་ཀྲང་དང་དཔལ་འབྱོར་པུའུ་ཀྲང་གིས་གྲོས་མོལ་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།