[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཁྲོམ་ར་ཤོར་ནས་ལོ་གཅིག་ནང་ཨ་རིའི་ཤ་སྨི་འབྲུག་དབྱིབས་མའི་ཚོང་པ་རྣམས་སྡུག་སྐད་ཤོར་བ།

  • ཡོང་ཁུངས།   མི་དམས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-13

    ཤིན་ཧྭ་གསར་འགྱུར་ཁང་ཨ་རིའི་གྲོང་ཁྱེར་ཀེ་ལུའོ་སེ་ཐེ་ནས་གློག་འཕྲིན་འབྱོར་གསལ། ཨ་རིའི་ཤ་སྨི་འབྲུག་དབྱིབས་མའི་ཚོང་པ་ཝུན་སི·མོར་ཏི་ལ་ལུའོ་ཡིས་ལོ་ལྔ་ཙམ་གོང་ནས་ཀྲུང་གོའི་གྲོང་ཁྱེར་ཁག་གཅིག་ཏུ་དངོས་ཟོག་མཁོ་འདོན་བྱེད་འགོ་ཚུགས་ཤིང་། གཟའ་འཁོར་རེར་དངོས་ཟོག་ཕྱིར་གཏོང་ཉིན་ལྔ་བྱེད་པས། ཚོང་གཉེར་བྱེད་ཚད་ཀྲུང་གོའི་ཁྲོམ་རར་མ་ཞུགས་གོང་ལས་ལྡབ་བཞི་ཙམ་མང་དུ་ཕྱིན་ཡོད། དེས་ན་ཁོང་གིས་ཀྲུང་གོའི་ཁྲོམ་ར་ཡུན་རིང་གི་ཚོང་ལས་འཆར་འགོད་ནང་བཅུག་པ་མ་ཟད། ཨ་སྒོར་ཁྲི་བརྒྱ་གྲངས་སྤྱད་དེ་ཤ་སྨི་འབྲུག་དབྱིབས་མ་གསོན་པོ་ཉར་ཚགས་ཀྱི་མཛོད་ཁང་ཞིག་བརྒྱབ་པ་རེད།

    འོན་ཀྱང་མཛོད་ཁང་གསར་པ་བརྒྱབ་ནས་ལོ་ཕྱེད་ཙམ་ཡང་མ་འགོར་བར་ཨ་རིས་ཀྲུང་གོར་ཚོང་དོན་རྩོད་གཞི་བསླངས་པས། ཀྲུང་གོས་ཁ་གཏད་མི་འཇལ་ཀ་མེད་བྱུང་སྟེ་ན་ནིང་ཟླ་བདུན་པ་ནས་བཟུང་ཤ་སྨི་འབྲུག་དབྱིབས་མ་ཚུད་པའི་ཨ་སྒོར་དུང་ཕྱུར་བརྒྱ་གྲངས་ཟིན་པའི་ཨ་རིས་ཀྲུང་གོར་ཕྱིར་གཏོང་གི་ཚོང་ཟོག་ལ་སྒོ་ཁྲལ་ཐོལ་པ་བསྡུས་ཡོད། ད་ཆ་ཨ་རིའི་ཤ་སྨི་འབྲུག་དབྱིབས་མ་ཀྲུང་གོར་ཕྱིར་གཏོང་བྱེད་པར་སྒོ་ཁྲལ་ཐོལ་པ་25%སྤྲོད་དགོས་སྟབས། མ་གཞི་ནས་ཁ་ན་ཏའི་ལས་རིགས་གཅིག་པའི་འགྲན་རྩོད་དྲག་པོ་འཕྲད་པའི་མོར་ཏི་ལ་ལུའོ་ཡིས་ཀྲུང་གོའི་ཁྲོམ་རའི་ལས་སྒོ་རྣམས་མུ་མཐུད་གཉེར་ཐབས་བྲལ་ཡོད།

    མོར་ཏི་ལ་ལུའོ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར། ད་ཆ་ཁོང་གི་ལག་པར་ཀྲུང་གོའི་མངགས་ཐོ་མེད་པ་དང་ཀུང་སིའི་འདི་ལོའི་ལོ་སྟོད་ཀྱི་བྲིན་ཚོང་དངུལ་འབོར་ཨ་སྒོར་ཁྲི་600ལྷག་ཙམ་ཆག་ཡོད་ཅིང་། དེ་ནི་ཤ་སྨི་འབྲུག་དབྱིབས་མ་སྤྱི་རྒྱ་ཁྲི་བཅུ་ཕྲག་ཁ་ཤས་འཚོང་ཚད་ཉུང་དུ་བཏང་བ་དང་འདྲ་པོ་རེད། “ཀྲུང་གོར་ཤ་སྨི་འབྲུག་དབྱིབས་མའི་འཛད་སྤྱོད་ཁྲོམ་ར་ཡངས་པ་དང་། མི་མངོན་པའི་སྟོབས་ཤུགས་ཆེན་པོ་ཡོད། ཁྲོམ་ར་དེ་ཤོར་བས་ཧ་ཅང་ཕངས་དགོས་པ་ཞིག་རེད”ཅེས་བརྗོད།

    མོར་ཏི་ལ་ལུའོ་ཡིས། ལས་བཟོ་འདི་དག་གིས་མ་གཞི་གཟའ་འཁོར་རེར་ལས་ཡུན་ཆུ་ཚོད་60བྱེད་དགོས་ཀྱི་ཡོད་མོད། འོན་ཀྱང་ཀྲུང་གོའི་ཁྲོམ་ར་ཤོར་བ་ནས་བཟུང་མི་རེའི་ཆ་སྙོམས་ལས་ཡུན་གཟའ་འཁོར་རེར་ཆུ་ཚོད་40ཡང་ཟིན་གྱི་མེད། ལས་ཡུན་ཆག་པས་ཡོང་འབབ་ཉུང་དུ་འགྲོ་ངེས་ཡིན་པ་དང་། ལས་བཟོ་ཁག་གཅིག་འཚོ་ཐབས་ཀྱི་ཆེད་དུ་ལས་ཀ་གཞན་དག་འཚོལ་བར་མི་འགྲོ་ཀ་མེད་བྱུང་ཡོད་ཅེས་བརྗོད།

    ཀེ་ལུའོ་སེ་ཐེ་གནས་སའི་མཱ་ས་ཀྲུའུ་སའེ་ཀྲོའུ་ནི་ཨ་རིའི་ཤ་སྨི་འབྲུག་དབྱིབས་མ་ཐོན་ཡུལ་ཆེ་གྲས་གཉིས་པ་དེ་ཡིན་ཡང་ཐོན་འབོར་མན་དབྱིང་ཀྲོའུ་ལས་ཧ་ཅང་ཉུང་བ་ཡོད། འདས་ཟིན་པའི་ལོ་ཤས་རིང་ཀྲུང་གོའི་ཚོང་དོན་གྱི་ཕན་པ་ཐོབ་པའི་མན་དབྱིང་ཀྲོའུ་ཡིས་ད་ཆ་ཀྲུང་གོའི་ཁྲོམ་ར་ཤོར་བའི་སྡུག་བསྔལ་དེ་སུ་ཞིག་ལས་ཀྱང་ཆེ་བ་ཡོད་པ་གསལ་པོར་ཚོར་ཐུབ།

    ཨ་རིས་ཀྲུང་ཨའི་ཚོང་དོན་རྩོད་གཞི་མ་བསླངས་གོང་། ཀྲུང་གོ་ནི་མན་དབྱིང་གི་ཤ་སྨི་འབྲུག་དབྱིབས་མ་ཕྱིར་གཏོང་གི་ཁྲོམ་ར་ཆེ་གྲས་གཉིས་པ་དེ་རེད། གྲངས་གཞི་ལས་མངོན་དོན། ཀྲུང་གོས་2017ལོར་མན་དབྱིང་ཀྲོའུ་ནས་ཨ་སྒོར་དུང་ཕྱུར་1.3རི་བའི་ཤ་སྨི་འབྲུག་དབྱིབས་མ་ཉོས་པ་དང་། དགོས་མཁོ་ཤིན་ཏུ་ཆེ་བའི་སྐུལ་འདེད་འོག 2018ལོའི་ལོ་སྟོད་དུ་མན་དབྱིང་ཀྲོའུ་ཡིས་ཀྲུང་གོར་ཤ་སྨི་འབྲུག་དབྱིབས་མ་ཕྱིར་གཏོང་བྱེད་ཚད་169%བར་ཧོབ་དེ་འཕར་ཡོད།

    མན་དབྱིང་གི་ཤ་སྨི་འབྲུག་དབྱིབས་མའི་ཚོང་པས་ཚོང་ཆེན་པོ་ཞིག་རྒྱག་རྩིས་བྱེད་པའི་སྐབས་སུ་ཨ་རིས་བསླངས་པའི་ཚོང་དོན་རྩོད་གཞིས་ཆུ་གྲང་མོ་ཞིག་བཤོས་པ་ལྟར་བྱུང་ཡོད། མན་དབྱིང་ཀྲོའུ་རྒྱལ་སྤྱིའི་ཚོང་དོན་ལྟེ་གནས་ཀྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཀྲུང་གོས་ཁ་གཏད་འཇལ་ཐབས་བཟོས་ནས་སྒོ་ཁྲལ་ཐོལ་པ་བསྡུས་ཚུན་མན་དབྱིང་ཀྲོའུ་ཡིས་ཀྲུང་གོར་ཤ་སྨི་འབྲུག་དབྱིབས་མ་ཕྱིར་གཏོང་བྱེད་ཚད་84%བར་ཧོབ་དེ་ཆག་ཡོད།

    ཉེ་དུས་མན་དབྱིང་ཀྲོའུ་རྒྱལ་ཕྲན་མཉམ་འབྲེལ་གྱི་གྲོས་ཁང་གོང་མའི་གྲོས་མི་ཨའོ་ཀེ་སི·ཅིན་གྱིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག“མན་དབྱིང་ཀྲོའུ་ཡིས་དཀའ་བ་མང་པོ་སྤྱད་པས་གཞི་ནས་ཀྲུང་གོའི་ཁྲོམ་རའི་ཐོག་གནས་བབ་ཅིག་བཟུང་ཐུབ་ཡོད། འོན་ཀྱང་ནོར་འཁྲུལ་གྱི་རྐྱེན་པས་ཀྲུང་གོའི་ཁྲོམ་ར་ཤོར་ཡོད། ཤ་སྨི་འབྲུག་དབྱིབས་མ་ནི་མན་དབྱིང་ཀྲོའུ་ཡི་ཀ་རྟེན་ཐོན་ལས་ཤིག་རེད། ཤ་སྨི་འབྲུག་དབྱིབས་མའི་ཐོན་ལས་ལ་གོད་ཆག་བྱུང་སྐབས་མན་དབྱིང་ཀྲོའུ་ཡི་མི་དམངས་ལའང་གྱོང་གུན་ཆེན་པོ་ཕོག་ཡོད”ཅེས་བྲིས་ཡོད།

    གྱོང་གུན་ཆུང་དུ་གཏོང་ཆེད། ཨ་རིའི་ཤ་སྨི་འབྲུག་དབྱིབས་མ་འཚོང་མཁན་གྱིས་ཉོ་མཁན་གཞན་དག་འཚོལ་འགོ་ཚུགས། ཡིན་ནའང་ཁོང་ཚོའི་གདམ་ག་མང་པོ་མེད་པ་སྟེ། གཅིག་ནས་སྲོལ་རྒྱུན་གྱི་ཉོ་མཁན་ཡོ་རོབ་མནའ་འབྲེལ་གྱིས་ཨ་རིའི་ཤ་སྨི་འབྲུག་དབྱིབས་མར་སྒོ་ཁྲལ་བསྡུས་པ་དང་ཁ་ན་ཏ་དང་རང་མོས་ཉོ་ཚོང་གི་གྲོས་ཆོད་བཞག་པའི་དབང་གིས་ཁ་ན་ཏའི་ཤ་སྨི་འབྲུག་དབྱིབས་མར་སྒོ་ཁྲལ་རྩ་ཆག་བཏང་ཡོད་པ་དང་། གཉིས་ནས་ཨ་རི་རང་ཉིད་ཀྱི་རྒྱལ་ནང་དུ་བྲིན་པར་ཚད་བཀག་ཡོད་པ་ཞིག་ཡིན་པས་རེད།

    མོར་ཏི་ལ་ལུའོ་ཡིས་དེར་མོས་མཐུན་ཆེན་པོ་བྱེད་ཅིང་། ཁོང་གིས་ཚོང་དོན་རྩོད་གཞི་སྔ་ཙམ་མཇུག་འགྲིལ་ནས་ང་དང་ཀྲུང་གོའི་ཉོ་ཚོང་སླར་གསོ་ཡོང་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།