[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་སྐུ་ཚབ་ཀྱིས་གསུངས་དོན།

    ཀྲུང་གོའི་འཇིགས་རྒོལ་འཐབ་རྩོད་ཀྱིས་འཇིགས་སྐུལ་བྱ་སྤྱོད་ཡང་སེ་ཐོན་པའི་ཉེན་ཁ་ནུས་ལྡན་ངང་བཀག་ཡོད།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-12

    ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་ཟླ་7ཚེས་10ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་སྐུ་ཚབ་མ་ཁྲའོ་ཤུས་ཀྱིས་ཚེས་9ཉིན་གསུངས་དོན། ཀྲུང་གོས་སྤེལ་བའི་འཇིགས་རྒོལ་དང་ཐལ་སྐྱོད་ཅན་མེད་པར་བཟོ་བའི་འཐབ་རྩོད་ཀྱིས་འཇིགས་སྐུལ་བྱེད་སྤྱོད་ཡང་སེ་ཐོན་པའི་ཉེན་ཁ་ནུས་ལྡན་ངང་བཀག་ནས། མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་འཚོ་གནས་དབང་ཆ་དང་འཕེལ་རྒྱས་དབང་ཆ་སོགས་གཞི་རྩའི་དབང་ཆ་ཚད་གཞི་ཆེ་ཤོས་ཀྱིས་འགན་ལེན་བྱས་ཡོད།

    དེ་ཉིན་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་དང་སྒྲིག་འཛུགས་ཡོད་པའི་ཉེས་གསོག་དང་འབྲེལ་བའི་གནད་དོན་ཐད་ཀྱི་ཡོངས་བསྒྲགས་རྩོད་གླེང་ཚོགས་འདུ་འཚོགས་པ་རེད། མ་ཁྲའོ་ཤུས་ཀྱིས་གཏམ་བཤད་གནང་སྐབས། ཀྲུང་གོ་ནི་འཇིགས་སྐུལ་རིང་ལུགས་ཀྱི་གནོད་འཚེ་ཕོག་མཁན་ཞིག་རེད། འཇིགས་སྐུལ་རིང་ལུགས་དང་ཐལ་སྐྱོད་རིང་ལུགས་ཀྱི་དངོས་ཡོད་ཉེན་ཁར་ཐུག་དུས་ཀྲུང་གོས་བློ་ཐག་ཆོད་པོས་བྱ་ཐབས་སྤྱད་དེ་འཇིགས་རྒོལ་དང་ཐལ་སྐྱོད་ཅན་མེད་པར་བཟོ་བའི་འཐབ་རྩོད་བྱས་ཡོད། ཀྲུང་གོའི་འཇིགས་རྒོལ་དང་ཐལ་སྐྱོད་ཅན་མེད་པར་བཟོ་བའི་འཐབ་རྩོད་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འཇིགས་རྒོལ་འཐབ་རྩོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་དང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོང་བྱེད་པའི་དམིགས་ཡུལ་དང་རྩ་དོན་དང་ཡོངས་སུ་མཐུན་ཡོད་ཅེས་གསུངས།

    མ་ཁྲའོ་ཤུས་ཀྱིས། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཇིགས་རྒོལ་གྲོས་ཆོད་ཁག་དོན་འཁྱོལ་ནན་པོ་བྱས་ནས། གོ་ལ་ཧྲིལ་པོ་དང་དེ་བཞིན་ས་ཁོངས་ཀྱི་འཇིགས་རྒོལ་མཉམ་ལས་ལ་ཧུར་ཐག་ཞུགས་ཡོད། ཀྲུང་གོ་ནི《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་ཁོངས་ལས་བརྒལ་བའི་སྒྲིག་འཛུགས་ཡོད་པའི་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་སྤྱི་ཆིངས》ཀྱི་ཆིངས་འཇོག་རྒྱལ་ཁབ་ཡིན་པ་དང་། ཁྲིམས་འཛུགས་དང་། ཁྲིམས་བསྟར། ཁྲིམས་འཛིན་སོགས་བྱ་ཐབས་སྣ་ཚོགས་བརྒྱུད་སྤྱི་ཆིངས་ཀྱི་འོས་འགན་ཧུར་ཐག་བསྒྲུབས་པ་དང་སྦྲགས། འབྲེལ་ཡོད་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་བཏང་ཡོད་ཅེས་གསུངས།

    མ་ཁྲའོ་ཤུས་ཀྱིས་བསྟན་དོན། དང་པོ། འཇིགས་རྒོལ་ལ་གཅིག་གྱུར་གྱི་ཚད་གཞི་མཐའ་འཁྱོངས་བྱེད་དགོས་པ་དང་། ཚོགས་མིའི་རྒྱལ་ཁབ་ཀྱི་བྱེད་པོའི་འགན་འཁྲི་དང་དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟེ་བའི་མཐུན་སྦྱོར་ནུས་པར་བརྩི་འཇོག་བྱེད་དགོས། འཇིགས་རྒོལ་བྱ་སྤྱོད་སྤེལ་བར《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན》གྱི་དམིགས་ཡུལ་དང་རྩ་དོན་གཞིར་བཟུང་ནས། དོ་བདག་རྒྱལ་ཁབ་ཀྱི་བདག་དབང་དང་། རང་བཙན། མངའ་ཁོངས་ས་ཆ་ཆ་ཚང་བཅས་ལ་བརྩི་འཇོག་བྱེད་དགོས། གཉིས་པ། འཇིགས་རྒོལ་ལ་རྒྱལ་སྤྱི་དང་དེ་བཞིན་ས་ཁོངས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་མཉམ་ཤུགས་ཆགས་པར་བྱས་ཏེ། འཇིགས་སྐུལ་རིང་ལུགས་དང་དེ་བཞིན་སྒྲིག་འཛུགས་ཡོད་པའི་ཉེས་གསོག་ལ་རྡུང་རྡེག་ནུས་ལྡན་གཏོང་དགོས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ས་ཁོངས་དང་ཡན་ལག་ས་ཁོངས་རྩ་འཛུགས་ཀྱིས་ནུས་པ་གལ་ཆེན་འདོན་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱས་ནས། ནུས་ལྡན་གྱི་ས་ཁོངས་མཉམ་ལས་སྤེལ་དགོས། གསུམ་པ། འཇིགས་རྒོལ་ལ་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་ཚོགས་མིའི་རྒྱལ་ཁབ་ཀྱི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། མངོན་གསལ་དོད་པའི་འགྲན་སློང་ལ་ཁ་གཏད་གཅོག་དགོས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཚོགས་མིའི་རྒྱལ་ཁབ་དང་། ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་མཐའ་སྲུང་དང་། འགག་སྒོ དུག་འགོག ཁྲིམས་འཛིན་སོགས་ལ་ཤུགས་སྣོན་རྒྱག་པའི་ཐད་ཀྱི་ནུས་པ་འཛུགས་སྐྱོང་ལ་རོགས་རམ་ཏན་ཏིག་བྱེད་དགོས། རྒྱལ་སྤྱིའི་བཅའ་ཁྲིམས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་གཞིར་བཟུང་། ཐལ་སྐྱོད་ཅན་མེད་པར་བཟོ་བའི་བྱ་ཐབས་སྤྱད་དེ། སྒྲིག་འཛུགས་ཡོད་པའི་ཉེས་གསོག་ཚོགས་པས་ཐལ་སྐྱོད་དང་འཇིགས་སྐུལ་བྱ་ཐབས་ལ་སྔོན་འགོག་དང་དོགས་ཟོན་བྱེད་དགོས། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།