[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་ཀྱིས་ས་གནས་ཀྱི་མཉམ་ལས་བྱེད་ཟབ་ཏུ་གཏོང་རྒྱུ་ཡིན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-12

    ཚེས་10ཉིན་ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་མཉམ་ལས་གླེང་སྟེགས་སྐབས་གཉིས་པ། ཡུན་ནན་ཞིང་ཆེན་ཡུས་ཤིས་གྲོང་ཁྱེར་དུ་འཚོགས་ཤིང་། གླེང་སྟེགས་ཐོག“ས་གནས་ཀྱི་མཉམ་ལས་ཟབ་ཏུ་བཏང་སྟེ་གཉིས་ཕན་གཉིས་ཁེ་མངོན་འགྱུར་ཡོང་བ་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་། དེའི་དམིགས་ཡུལ་ནི་ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་ཁག་དབར་མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་སྲིད་ཇུས་གྲོས་མོལ་དང་། དཔལ་འབྱོར་ཚོང་དོན་མ་འཇོག མི་ཆོས་རིག་གནས་སྤེལ་རེས། ཤེས་བྱའི་ཉམས་མྱོང་མཉམ་སྤྱོད་བཅས་ཀྱི་ལས་སྟེགས་གསར་པ་སྔར་བས་བརྟན་དུ་བཏང་སྟེ་ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་ཀྱིས་ཕྱོགས་ཡོངས་ཀྱི་མཉམ་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རེད།

    ད་ཐེངས་ཀྱི་གླེང་སྟེགས་གཉེར་ཡུན་ཉིན་གཉིས་ཡིན་ཞིང་། ཕྱི་འབྲེལ་པུའུ་དང་ཡུན་ནན་ཞིང་ཆེན་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་ཀྲུང་གོ་དང་ཕྱི་རྒྱལ་གྱི་འཐུས་མི་500ལྷག་ཙམ་གླེང་སྟེགས་ལ་ཞུགས་ཡོད། གླེང་སྟེགས་ཐོག《ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ས་གནས་མཉམ་ལས་ཀྱི་འདུན་པ》ཞེས་པའི་ཡིག་ཆ་བཀྲམ་རྒྱུ་མ་ཟད། ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་ཧྲེང་ཀྲང་དང་ཧྲི་ཀྲང་གི་གླེང་སྟེགས་དང་། དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་ཚོགས་འདུ། དབུལ་པོ་ཉུང་གཏོང་གི་ས་གནས་མཉམ་ལས་གླེང་སྟེགས། སྨྱན་སྦྱོར་གླེང་སྟེགས། བྷང་ག་ལ་དང་། ཀྲུང་གོ ཧིན་རྡུ། འབར་མ་བཅས་ས་ཁུལ་གྱི་མཉམ་ལས་གླེང་སྟེགས་ཐེངས་13པའི་ཚོགས་འདུ་སོགས་བྱེད་སྒོ་མང་པོ་སྤེལ་རྒྱུ་རེད།

    ཀྲུང་གོའི་ཕྱི་འབྲེལ་པུའི་ཨེ་ཤེ་ཡ་སིའི་སི་ཀྲང་གཞོན་པ་ཡའོ་ཝུན་གྱིས། ཉེ་བའི་ལོ་ཤས་རིང། ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་ལ་རྨང་གཞིའི་སྒྲིག་བཀོད་མཉམ་སྦྲེལ་མཉམ་མཐུད་དང་། དཔལ་འབྱོར་ཚོང་དོན་འཕེལ་རྒྱས། མི་ཆོས་རིག་གནས་སྤེལ་རེས་སོགས་ཀྱི་ཐད་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོབ་ཡོད་ལ་བྷང་ག་ལ་དང་། ཀྲུང་གོ ཧིན་རྡུ། འབར་མ་བཅས་ཀྱི་དཔལ་འབྱོར་བར་ཁྱམས་སོགས་ཀྱི་དངོས་སྒྲུབ་མཉམ་ལས་ལམ་སྲོལ་ཡང་ཟམ་མི་ཆད་པར་འཕེལ་རྒྱས་ཕྱིན་ཡོད། 2018ལོར་ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་ཀྱི་ཚོང་དོན་བསྡོམས་འབོར་ཨ་སྒོར་དུང་ཕྱུར་1400ལྷག་ཙམ་ཟིན་པ་དང་། ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་དབར་མཉམ་ལས་གཏིང་ཟབ་བྱ་རྒྱུར་མདུན་ལམ་ཡག་པོ་ཡོད་པ་རེད།

    ཨ་ཧྥུ་ཀ་ནི་སི་ཐན་གྱི་ལས་ཚབ་བཟོ་ཚོང་པུའུ་ཀྲང་ཨ་ཅི་མར·ཨའེ་ཧ་མའེ་ཏིས“མཁའ་དབྱིངས་བར་ཁྱམས”དང་ཐད་གཏོང་དུས་གཏན་མེ་འཁོར་གྱི་རོགས་རམ་འོག་ན་ནིང་ཀྲུང་གོ་དང་ཨ་ཧྥུ་ཀ་ནི་སི་ཐན་དབར་གྱི་ཚོང་དོན་བསྡོམས་འབོར་ལ་ཚད་བརྒལ་གསར་པ་བྱུང་ཡོད། ཨ་ཧྥུ་ཀ་ནི་སི་ཐན་གྱི་ཕྱོགས་ཁག་གིས་ཀྲུང་གོ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་ཚོང་དོན་གྱི་གོ་སྐབས་དེ་བས་མང་བ་བསྐྲུན་ནས་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཁྱད་ལྡན་ཚོང་ཟོག་དེ་བས་མང་བ་ཀྲུང་གོར་ཕྱིར་གཏོང་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།