[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་འཇར་གྱི་མཁས་དབང་གིས་རྒྱལ་ཁབ་གཉིས་པོའི་ཚན་སློབ་མཉམ་ལས་ལ་གྲོས་མོལ་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-03

    ཉེ་ཆར། འཇར་མན་གྱི་ཕྱི་ཁོངས་ཀྲུང་གོ་བའི་དགེ་རྒན་ཆེ་མོའི་སློབ་ཚོགས་ཀྱིས་གཙོ་གཉེར་བྱས་པའི་ཀྲུང་འཇར་གྱི་དགེ་རྒན་ཆེ་མོའི་གླེང་སྟེགས་སྐབས་བཅུ་གཅིག་པ་འཇར་མན་གྱི་དབུས་རྒྱུད་གྲོང་ཁྱེར་ཀེ་ཐིང་ཀེན་དུ་འཚོགས་ཤིང་། རྒྱལ་ཁབ་གཉིས་པོའི་མཁས་དབང་བཅུ་གྲངས་མཉམ་དུ་འཛོམས་ཏེ་རིག་ཚན་མི་འདྲ་བའི་ཁྱབ་ཁོངས་ཀྱི་འཕེལ་རྒྱས་གསར་ཤོས་དང་རྒྱལ་ཁབ་གཉིས་ཀྱིས་མཐོ་རིམ་སློབ་གསོའི་ཁྱབ་ཁོངས་ཀྱི་མཉམ་ལས་འཕེལ་རྒྱས་ཐད་སྤེལ་རེས་བྱས་པ་རེད།

    འཇར་མན་གྱི་པོ་ཨེན་སློབ་ཆེན་གྱི་གོ་ལ་ཧྲིལ་པོའི་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གོ་ཞུའེ་ཝུའུ་ཡིས། ཀྲུང་འཇར་རྒྱལ་ཁབ་གཉིས་པོའི་རྩེར་སོན་མཐོ་སློབ་དང་ཞིབ་འཇུག་ཁང་གིས་མཉམ་ལས་ནི་འཕེལ་ཕྱོགས་ཤིག་ཏུ་གྱུར་ཟིན་པ་མ་ཟད། ཕྱོགས་གཉིས་པོའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་ལག་རྩལ་གཞན་སྒྱུར་བྱེད་པའི་སྒུལ་ཤུགས་ཀྱང་ཧ་ཅང་ཆེན་པོ་ཡོད་ཅེས་བརྗོད་པ་རེད།

    སྐབས་འདིའི་གླེང་སྟེགས་གཉེར་འགན་འཁུར་མཁན་འཇར་མན་གྱི་ཀེ་ཐིང་ཀེན་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་ཤེར་ཐེ་ལའོ་ཏེ·ཁ་སི་པོ—ཧོ་ནེ་ཡིས། ཀྲུང་གོ་ནི་ཀེ་ཐིང་ཀེན་སློབ་ཆེན་གྱི་རྒྱལ་སྤྱི་ཅན་འཐབ་ཇུས་ཀྱི་འགག་རྩའི་ས་ཁུལ་གྱི་གྲས་ཤིག་ཡིན་པས། འབྱུང་འགྱུར་ཀྲུང་གོ་དང་མཉམ་ལས་བྱེད་རྒྱ་མུ་མཐུད་ཆེ་རུ་གཏོང་གི་ཡིན་ཞེས་བརྗོད་པ་རེད།

    ཀྲུང་གོའི་ཀོང་ཏུང་ཕྱི་སྐད་ཕྱི་ཕྱོགས་ཚོང་དོན་སློབ་ཆེན་གྱི་འཆད་ཁྲིད་དགེ་རྒན་ཧོང་ཡུས་ཧོན་གྱིས་གླེང་སྟེགས་ཐོག་སྙན་ཞུ་གནང་སྐབས། སྐད་དང་ཆ་རྒྱུས་མེད་པའི་ཚོར་སྣང་སོགས་ཀྱི་རྐྱེན་པས་འབྲེལ་གཏུག་རྒྱུས་ལོན་བྱེད་རིང་འགོག་རྐྱེན་འཕྲད་སྲིད་མོད། འོན་ཀྱང་གནད་དོན་དེ་དག་སེལ་ཐུབ་པ་ཞིག་ཡིན་ཞིང་། ཀྲུང་འཇར་ཕྱོགས་གཉིས་པོས་ཚན་རྩལ་མཉམ་ལས་བྱས་པ་བརྒྱུད་སྐྱོན་སྤངས་དགེ་སྒྲུབ་དང་ཐུན་མོང་ཡར་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཐུབ་པ་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

    འཇར་མན་ཧན་ནོ་ཝུའེ་སློབ་ཆེན་ས་བཀྲ་རིག་པ་དང་ས་ཁམས་ཆ་འཕྲིན་ཚན་རིག་གི་དགེ་རྒན་ཆེ་མོ་བ་མོ་ཉི་ཁཱ·ཙེ་སི་ཐེ་ཡིས། ཁོང་གནས་སའི་ཆེད་ལས་ཁྱབ་ཁོངས་དེ་རང་འགུལ་འཁོར་གཏོང་གི་རམ་འདེགས་མ་ལག་དང་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་གྱི་གནོད་འཚེའི་སྔོན་བརྡ་སོགས་ལ་བཀོལ་སྤྱོད་ཀྱི་མདུན་ལམ་ཆེན་པོ་འདུག དེ་སྔ་ཀྲུང་གོ་ཕྱོགས་ཀྱི་རོགས་ཟླ་དང་ཧ་ཅང་ལེགས་འགྲུབ་ལྡན་པའི་མཉམ་ལས་ཀྱི་ཉམས་མྱོང་ཡོད་པས་འབྱུང་འགྱུར་གྱི་མཉམ་ལས་ལ་ཡིད་ཆེས་ཆེན་པོ་ཡོད། ཁྱབ་ཁོངས་དེའི་ཀྲུང་གོ་ཕྱོགས་ཀྱི་ཚན་ཞིབ་སྒྲིག་གཞིའི་ཞིབ་འཇུག་ཆུ་ཚད་སྔོན་ཐོན་ཡིན་ལ་ཆེད་ལས་ཀྱི་ཤེས་ལྡན་པའང་འབོར་ཆེན་ཡོད་ཅེས་བརྗོད་པ་རེད།

    འཇར་མན་ཏཱ་མོ་ཧྲེ་ཐཱ་ཐེ་བཟོ་ལས་སློབ་ཆེན་གྱི་ལས་རོགས་དགེ་རྒན་ཆེ་མོ་བ་ཝང་ལིན་གྱི་གཙོ་བོ་སྤྲིན་རྩིས་དང་མཐའ་རྩིས་ཐད་ཞིབ་འཇུག་བྱེད་ཀྱི་ཡོད་ཅིང་། ཁོང་གིས་ཁྱབ་ཁོངས་དེའི་ཐད་ཀྲུང་གོར་རྨང་གཞིའི་ཞིབ་འཇུག་གི་འདུ་ཤེས་གསར་ཤོས་ཡོད་པ་མ་ཟད། ཞིབ་འཇུག་ལའང་གནད་འཁེལ་བའི་རྒྱབ་སྐྱོར་བྱེད་ཀྱི་ཡོད། འཇར་མན་གྱིས་ཞིབ་འཇུག་བྱེད་རིང་བཟོ་ལས་ལས་རིགས་དང་མཉམ་ལས་དམ་ཟབ་བྱས་ཏེ་བཀོལ་སྤྱོད་ཀྱི་དཔེ་གཞི་སྣ་ཚོགས་བཏོད་ཡོད། སྲོལ་རྒྱུན་གྱི་བཟོ་སྐྲུན་ལས་རིགས་ཐད་ཀྱི་འཇར་མན་གྱི་ལེགས་ཆ་དང་ཆ་འཕྲིན་ཚན་རྩལ་ཁྱབ་ཁོངས་ཀྱི་ཀྲུང་གོའི་འཕེལ་རྒྱས་དབར་གསབ་རེས་ཀྱི་རྣམ་པ་ཞིག་ཆགས་ནས་ཕན་ཚུལ་སྐུལ་འདེད་ཐུབ་སྲིད་ཅེས་བརྗོད།

    འཇར་མན་གྱི་ཕྱི་ཁོངས་ཀྲུང་གོ་བའི་དགེ་རྒན་ཆེ་མོའི་སློབ་ཚོགས་2006ལོར་བཙུགས་ཤིང་། དེའི་དམིགས་ཡུལ་ནི་འཇར་མན་དུ་ཡོད་པའི་ཕྱི་ཁོངས་ཀྲུང་གོ་བའི་དགེ་རྒན་ཆེ་མོའི་ཚོགས་སྤྱིའི་རིག་ཚན་ལས་བརྒལ་བའི་རིག་གཞུང་གི་སྤེལ་རེས་གསར་ཤོས་ལ་སྐུལ་འདེད་གཏོང་བ་མ་ཟད། རྒྱལ་ཁབ་གཉིས་པོའི་མཐོ་སློབ་དང་དེ་བཞིན་ཚན་རིག་ཞིབ་འཇུག་ཁང་དབར་གྱི་འབྲེལ་གཏུག་ལ་སྐུལ་འདེད་གཏོང་བ་དེ་རེད། ལོ་གཅིག་དུས་གཅིག་གི་ཀྲུང་འཇར་གྱི་དགེ་རྒན་ཆེ་མོའི་གླེང་སྟེགས་2009ལོར་གཉེར་འགོ་ཚུགས་པ་དང་རྒྱལ་ཁབ་གཉིས་པོའི་གྲོང་ཁྱེར་མི་འདྲ་བར་འཚོག་རེས་བྱེད་ཀྱི་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།