[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • པར་ཙིར་བ་དེ་བས་མང་བ་རྒྱ་ཡིག་ལ་དགའ་རུ་བཅུག་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-03

    ཟླ་5པའི་ཟླ་དཀྱིལ་གྱི་པར་ཙིར་གྱི་ཧྲེང་པའོ་ལོའུ་ཀྲོའུ་བཙུགས་སློབ་ཆེན་ནས་རྒྱ་ཡིག་ཀློག་པའི་སྒྲ་ལྷང་ལྷང་དུ་བསྒྲགས་པ་དང་སྐབས་རེ་སྐད་གསང་བའི་རྒྱ་ཡིག་དགེ་རྒན་ཞིག་གིས་ཁོང་ཚོར་སྒྲ་འདོན་སྟངས་ཡོ་བསྲང་བྱེད་བཞིན་འདུག རྒན་ལགས་ཁོང་སྐུ་ངོ་མ་དང་མ་ཕྲད་ཚེ་ཁོང་ནི་སྤྱི་སྐད་སྨྲ་མཁན་གྱི་ཀྲུང་གོ་བ་ཞིག་ཡིན་པའི་སྣང་བ་ཡོང་སྲིད།

    རྒན་ལགས་ཁོང་གི་མིང་ལ་ཝུའེ་ལེ་ན·ཕ་ཕ་ཤིས་ཏེ་ལོ་ཟེར་བ་དང་རྒྱ་སྐད་མིང་ལ་རུའུ་ཁྲེན་ཤིས་ཟེར་གྱི་ཡོད། ཁོང་གིས་དེ་སྔ་ཀྲུང་པར་གྱི་རིག་གནས་སྤེལ་རེས་བྱེད་སྒོའི་ཐོག་གཙོ་སྐྱོང་བ་ཐེངས་མང་བྱེད་མྱོང་ཡོད་པ་མ་ཟད། པར་ཙིར་གྱི་རྒྱ་ཡིག་སློབ་ཁྲིད་བྱེད་མཁན་ཁྲོད་སྐད་གྲགས་ཡོད་པ་རེད།

    རུའུ་ཁྲེན་ཤིས་ཀྱིས་2005ལོ་ནས་བཟུང་རྒྱ་ཡིག་སྦྱངས་པ་དང་2010ལོར་ཧྲེང་པའོ་ལུའོ་སློབ་ཆེན་རྒྱ་ཡིག་ཆེད་ལས་ནས་སློབ་གྲྭ་ཐོན་རྗེས་ཧྲེང་པའོ་ལུའོ་ཀྲོའུ་བཙུགས་སློབ་ཆེན་ཁུང་ཙི་སློབ་གླིང་དུ་མུ་མཐུད་རྒྱ་ཡིག་སྦྱངས་ 2013ལོར་རུའུ་ཁྲེན་ཤིས་ཧུའུ་པེ་སློབ་ཆེན་དུ་རྒྱ་ཡིག་གི་རྒྱལ་སྤྱིའི་སློབ་གསོའི་རབ་འབྱམས་པའི་སློབ་རྒྱུས་སྦྱངས་པ་དང་2016ལོར་སླར་ཡང་ཧྲེང་པའོ་ལུའོ་ཀྲོའུ་བཙུགས་སློབ་ཆེན་ཁུང་ཙི་སློབ་གླིང་དུ་རྒྱ་ཡིག་དགེ་རྒན་བྱེད་པར་བསྐྱོད།

    རུའུ་ཁྲེན་ཤིས་ཀྱིས“ང་ཧྲེང་པའོ་ལུའོ་སློབ་ཆེན་དུ་སྐྱོད་སྐབས་ཕྱི་སྐད་ཅིག་འདེམས་ཆོག་པ་དང་མི་མང་ཆེ་བས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་སྐད་ཡིག་བདམས་རུང་ངས་དེ་སྔ་སྦྱོང་མྱོང་མེད་པའི་རྒྱ་ཡིག་བདམས་པ་ཡིན”ཞེས་བཤད།

    ཕྱི་རྒྱལ་བ་ཞིག་གི་ངོས་ནས་བརྗོད་ན་རྒྱ་ཡིག་སྦྱོང་བ་ནི་ལས་སླ་པོ་ཞིག་མ་རེད། རྒྱ་ཡིག་ངོས་འཛིན་བྱེད་དཀའ་བའི་ཁར། སྒྲ་གདངས་བཞི་པོའང་ཁོང་དུ་ཆུད་ཁག་པོ་ཡོད་པ་དང་ཐ་སྙད་སྡེབ་སྦྱོར་དེ་བས་བྱེད་ཁག་པོ་ཡོད། རུའུ་ཁྲེན་ཤིས་ལ་རྒྱ་ཡིག་སྦྱོང་ཁག་པའི་སྣང་བ་བྱུང་མེད་པའི་ཁར་རྒྱ་ཡིག་སྦྱོང་བར་དོན་སྙིང་ཆེན་པོ་ལྡན་པ་དང་ལྷག་དོན་དུ་རྒྱ་ཡིག་འབྲི་སྟངས་ལ་དོན་སྙིང་ལྡན་པའི་ངོས་འཛིན་བྱེད་ཀྱི་ཡོད།

    རུའུ་ཁྲེན་ཤིས་དངོས་གཞིའི་ཚན་ཁག་གི་སློབ་སྦྱོང་བྱེད་རིང་ཡུན་ནན་དགེ་འོས་སློབ་ཆེན་དུ་རྒྱ་ཡིག་སྦྱོང་བར་བསྐྱོད་པ་དེ་ནི་ཀྲུང་གོར་སྐྱོད་ཐེངས་ཐོག་མ་དེ་རེད། སློབ་སྦྱོང་བྱས་པ་བརྒྱུད་ཁོང་གི་རྒྱ་ཡིག་ཆུ་ཚད་མཐོ་རུ་ཤུགས་ཆེན་ཕྱིན་ཡོད། ཁོང་ད་དུང་པེ་ཅིང་དང་། ཁྲེང་ཏུའུ། ཤིས་ཨན་སོགས་སུ་བསྐྱོད་པས་ཀྲུང་གོའི་རིག་གནས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པ་དང་སྣ་མང་ཕུན་སུམ་ཚོགས་པ་ཞིག་ཡོད་པ་ཚོར་ནས་ཀྲུང་གོར་བཅངས་པའི་བརྩེ་སེམས་དེ་བས་ཟབ་ཏུ་ཕྱིན་ཡོད།

    2013ལོར་རུའུ་ཁྲེན་ཤིས་ཀྲུང་གོར་ཐེངས་གཉིས་པ་སྐྱོད་སྐབས་ཧྲེང་པའོ་ལུའོ་ཀྲོའུ་བཙུགས་སློབ་ཆེན་ཁུང་ཙི་སློབ་གླིང་གི་ཀྲུང་གོ་ཕྱོགས་ཀྱི་མཉམ་ལས་སློབ་ཆེན་ཧུའུ་པེ་སློབ་ཆེན་དུ་ཞིབ་འཇུག་སློབ་མའི་དུས་མཚམས་ཀྱི་སློབ་སྦྱོང་བྱེད་འགོ་བརྩམས་ཡོད།

    པར་ཙིར་དུ་ལོག་རྗེས་རུའུ་ཁྲེན་ཤིས་ཀྱིས་ནུས་ཤུགས་ཡོད་རྒུས་ཁུང་ཙི་སློབ་གླིང་གི་རྒྱ་ཡིག་སློབ་ཁྲིད་ལས་ཀར་ཞུགས། ཁོང་གིས་ལོ་ཁ་ཤས་གོང་ཁུང་ཙི་སློབ་གླིང་དུ་སློབ་སྦྱོང་བྱེད་སྐབས་ཀྲུང་གོ་ནས་སློབ་མཐར་ཕྱིན་རྗེས་ཕྱིར་ལོག་སྟེ་དེ་གར་དགེ་རྒན་བྱེད་རྒྱུའི་ཐག་བཅད་ཡོད།

    རུའུ་ཁྲེན་ཤིས་ཀྱིས་རང་ཉིད་ཀྱིས་པར་ཙིར་བས་རྒྱ་ཡིག་སྦྱོང་བར་འཚམ་པའི་སློབ་གཞི་ཆ་ཚང་ཞིག་བཟོས་ནས་ཉེ་འགྲམ་གྱི་མི་དེ་བས་མང་བས་རྒྱ་ཡིག་སྦྱོང་བ་དང་ཀྲུང་གོར་སྐྱོད་པའི་སྐུལ་ཁྲིད་ཐུབ་རེ་བྱེད་པ་དང་ཆབས་ཅིག་ཀྲུང་གོ་བ་དེ་བས་མང་བ་པར་ཙིར་དུ་ཡོང་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཕན་ཚུན་རྒྱུས་མངའ་ལོན་པ་དང་མཛའ་གྲོགས་ཟབ་ཏུ་འགྲོ་རེ་བྱེད་ཀྱི་ཡོད་ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།