[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཞིབ་འཇུག་གྲུབ་འབྲས་གསར་པ།

    བདེ་ཐང་མིན་པའི་དཀར་ཟས་ཀྱིས་མཁལ་མར་གནོད་སྲིད་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-13

    མི་ལ་ལ་ཞིག་གིས་དཀར་ཟས་བསྟེན་ཚེ་མཁལ་མ་སྲུང་སྐྱོང་ཐོབ་ནས་མཁལ་ནད་ཕོག་ཚད་ཉུང་དུ་གཏོང་ཐུབ་ཅེས་འདོད་ཀྱང་། ཞིབ་འཇུག་གྲུབ་འབྲས་གསར་པ་ཞིག་གི་ནང་། དཀར་ཟས་བསྟེན་ཐབས་ཤེས་དགོས་ཏེ། རྟག་ཏུ་སིང་ཕྱེ་དང་མངར་ཆ་མང་པོ་ལྡན་པའི་དཀར་ཟས་བསྟེན་ཚེ་མཁལ་མར་གནོད་སྲིད་ཅེས་འཁོད་ཡོད་པ་རེད།

    ཉེ་ཆར། 《ཨ་རིའི་མཁལ་ནད་རིག་གཞུང་ལྷན་ཚོགས་ཀྱི་ནད་ཐོག་ལག་ལེན་དུས་དེབ》ཀྱི་དྲ་ངོས་པར་གཞིའི་ཐོག་འཁོད་པའི་ཞིབ་འཇུག་རྣམ་གྲངས་ཤིག་ནང་། གཡོད་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་སོགས་སྒྲིག་གཞིའི་ཞིབ་འཇུག་མི་སྣས་དར་མ་ཁྲི་1.4ལྷག་ཙམ་གྱི་བཟའ་བཏུང་གོམས་གཤིས་དང་མཁལ་མའི་བྱེད་ལས་ལ་དབྱེ་ཞིབ་དང་སྦྲགས་མི་དེ་དག་ལས་ཕྱེད་ཀ་ལྷག་ཙམ་ལ་ལོ་20ཡན་གྱི་རྗེས་འདེད་བརྟག་ཞིབ་བྱས་པར། ཁྱོན་བསྡོམས་མི་4343ལ་ཞིབ་འཇུག་བྱེད་རིང་མཁལ་གཅོང་གི་ནད་ཕོག་ཡོད་ཅེས་འཁོད་པ་རེད།

    ཞིབ་འཇུག་བྱས་པ་ལས། བདེ་ཐང་དཀར་ཟས་བསྟེན་ཧ་ཅང་ཉུང་མཁན་དང་བསྡུར་ན། བདེ་ཐང་དཀར་ཟས་མཐའ་འཁྱོངས་བྱེད་མཁན་ལ་མཁལ་ནད་ཕོག་ཚད་14%ཡིས་དམའ་བ་དང་། བདེ་ཐང་མིན་པའི་དཀར་ཟས་བསྟེན་ཧ་ཅང་ཉུང་མཁན་དང་བསྡུར་ན། རྟག་ཏུ་བདེ་ཐང་མིན་པའི་དཀར་ཟས་བསྟེན་མཁན་ལ་མཁལ་ནད་ཕོག་ཚད་11%གིས་མཐོ་བ་ཡོད་པ་ཤེས་རྟོགས་བྱུང་བ་རེད།

    བདེ་ཐང་དཀར་ཟས་ནང་ལོ་ཏོག་གི་བཟའ་བཅའ་དང་། ཀུ་ཤུ་དང་། ལི། ཚ་ལུ་མ་སོགས་ཤིང་ཏོག ལོ་ལྗང་ཚལ་དང་། ཤིས་ལན་ཧྭ། ཚལ་སྲན་སོགས་སྔོ་ཚལ། ཤུན་མཁྲེགས་ཤིང་ཏོག་དང་རང་བྱུང་གི་བ་དམ་ལྡེ་གུ་སོགས་ཚུད་ཡོད་པ་དང་། བདེ་ཐང་མིན་པའི་དཀར་ཟས་ཞེས་པ་ནི་གཙོ་བོར་རྟག་ཏུ་ཞོག་ཁོག་སོགས་སིང་ཕྱེ་མང་པོ་ལྡན་པའི་བཟའ་བཅའ་ཟ་བ་དང་། ཤིང་ཏོག་ཟ་བའི་ཚབ་ཏུ་ཤིང་ཏོག་གི་ཁུ་བ་བཏུང་བ། མངར་ཆ་ལྡན་པའི་བཏུང་བྱ་འཐུང་བ། བྱེ་རིལ་དང་། སྒོ་ངའི་བག་ལེབ། ཅོག་ལེ་སོགས་ཟ་བ་ལ་ཟེར།

    ཞིབ་འཇུག་མི་སྣས། ཞིབ་འཇུག་རྣམ་གྲངས་འདི་ལས། ཤ་རིགས་དང་བདེ་ཐང་མིན་པའི་དཀར་ཟས་ཉུང་ཙམ་བསྟེན་ནས་བདེ་ཐང་དཀར་ཟས་མང་ཙམ་བསྟེན་ཚེ། མཁལ་མར་སྲུང་སྐྱོང་ཐུབ་ནས་མཁལ་མའི་བྱེད་ལས་མི་ཉམས་པ་དང་མཁལ་ནད་མི་ཕོག་རྒྱུར་ཕན་པ་ཡོད་པ་ར་སྤྲོད་བྱུང་ཡོད་ཅེས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།