[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ང་ཚོའི་དམིགས་ཡུལ་ནི་ཨང་དང་པོ་བྱ་རྒྱུ་དེ་ཡིན”

    —— ལས་བཟོ་རྒན་གྲས་ཀྱིས་ཀེ་རི་སེའི་པི་ལེ་ཨེ་ཕུའུ་སི་གྲུ་ཁའི་བསྐྱར་དར་ལམ་བུ་དངོས་སུ་བརྒྱུད་མྱོང་བ།

  • ཡོང་ཁུངས།      |    རྩོམ་པ་པོ།   ཡུས་ཧྲོའེ་ཧྲོའེ་དང་ལི་ཞའོ་ཕུང་།    |    སྤེལ་དུས།   2019-05-13

    ཀེ་རི་སེའི་གྲུ་ཁ་ཆེ་ཤོས་པི་ལེ་ཨེ་ཕུ་སི་གྲུ་ཁ(གཤམ་དུ་པི་གྲུ་ཁ་ཞེས་བསྡུ་རྒྱུ)ནི་ཀེ་རི་སེའི་རྒྱལ་ས་ཨ་ཐེན་སིའི་ལྷོ་ནུབ་ནས་སྤྱི་ལེ་10ཙམ་གྱི་ཁུལ་དུ་གནས་པ་དང་གནའ་སྔ་མོ་ནས་ཡོ་རོབ་ཀྱི་ལྷོ་སྒོ་ཆེན་པོ་དེ་རེད། ཀེ་རི་སེ་བ་ཐ་སུའོ་སི· ཝ་མུའུ་ཝ་ཅིས་ཅི་སིས་ལོ་16ནས་པི་གྲུ་ཁར་ལས་ཀ་བྱས་པ་དང་ལོ་40ཡི་རིང་ཁོང་གིས་པི་གྲུ་ཁའི་དར་འཕེལ་དང་། ཉམས་རྒུད། བསྐྱར་དར་བཅས་དངོས་སུ་བརྒྱུད་མྱོང་བ་དང་པི་གྲུ་ཁའི་ད་ཕན་ལོ་ཤས་རིང་གི་འགྱུར་ལྡོག་ཆེན་པོར་མྱོང་ཚོར་ཟབ་མོ་ཡོད།

    2009ལོའི་ལོ་མཇུག་ཏུ་ཀེ་རི་སེར་ལོན་དོན་གྱི་ཉམས་ཉེན་འཕྲད་དེ་དཔལ་འབྱོར་བསྡོམས་འབོར་ཆེས་ཆེར་ཆག་པ་དང་ལས་ཀ་ཤོར་ཚད་རེ་ཞིག་27.9%བར་འཕར་ཡོད། དེས་ན་རྒྱབ་ལྗོངས་དེ་ལྟ་བུའི་འོག་པི་གྲུ་ཁའི་ལས་རྗེས་ཐད་ཀར་འཕར་བ་སྟེ། གྲུ་ཁར་དོས་སྒམ་འདོན་འཇུག་བྱེད་ཚད་2010ལོའི་ཚད་ལྡན་སྒམ་ཁྲི་88ནས་2018ལོའི་སྒམ་ཁྲི་490བར་གློ་བུར་དུ་འཕར་བ་དང་པི་གྲུ་ཁའི་གོ་ལ་ཧྲིལ་པོའི་མིང་གྲལ་དེ་ཨང་93པ་ནས་ཨང་36པའི་བར་འཕར་རྒྱུར་སྐུལ་མ་ཐེབས་ཏེ་ས་དབུས་རྒྱ་མཚོའི་ས་ཁུལ་གྱི་གྲུ་ཁ་ཆེ་ཤོས་གཉིས་པ་དེར་གྱུར་བ་རེད།

    ཀྲུང་གོའི་ཀྲུང་ཡོན་མཚོ་ཐོག་སྐྱེལ་འདྲེན་ཚོགས་པར་བརྟེན་ནས་པི་གྲུ་ཁར་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

    2008ལོར་ཀྲུང་ཡོན་མཚོ་ཐོག་སྐྱེལ་འདྲེན་ཚོཌ་པས་འོས་སྒུག་བྱས་པ་བརྒྱུད་པི་གྲུ་ཁའི་དོས་སྒམ་གྲུ་ཁ་ཨང་2པ་དང་3པའི་ལོ་35རིང་གི་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་དབང་ཆ་རག་པ་རེད། ལོ་གཉིས་སོང་རྗེས་ཀྲུང་ཀེའི་ཚོགས་པས་ཀྲུང་ཡོན་མཚོ་ཐོག་སྐྱེལ་འདྲེན་པི་ལེ་ཨེ་ཕུའུ་སི་དོས་སྒམ་གྲུ་ཁ་ཚད་ཡོད་ཀུང་སི(PCT)བཙུགས་ཏེ་གྲུ་ཁ་ཨང་2པ་དང་3པའི་གཉེར་སྐྱོང་དབང་ཆ་དངོས་སུ་རྩིས་བླངས་པ་རེད། 2016ལོའི་ཟླ་4པར་ཀྲུང་ཡོན་མཚོ་ཐོག་སྐྱེལ་འདྲེན་གྱིས་པི་གྲུ་ཁའི་གྲུ་དོན་ཅུས་ཀྱི་རྐང་དབང་67%ཉོ་སྒྲུབ་བྱས་པ་དང་འབྲེལ་མགྱོགས་མྱུར་གཉེར་སྐྱོང་བྱ་རྒྱུའི་རྩིས་བླངས་པ་དང་ལས་སྒོ་དེ་དོས་སྒམ་གྲུ་ཁ་ནས་གྲུ་ཐོག་ནས་སྒྲོལ་བའི་གྲུ་ཁ་དང་སྦྲག་སྐྱེལ་གྲུ་གཟིངས་ཀྱི་གྲུ་ཁ་སོགས་ཁག་མང་པོར་རྒྱ་བསྐྱེད་བཏང་ཡོད།

    “པི་ལེ་ཨེ་ཕུའུ་སིར་སྐྱེས་པ་དང་། འཚོ་བ་སྐྱེལ་བ། ལས་ཀ་བྱེད་པ”བཅས་ཀྱི་ཝ་མུའུ་ཝ་ཅིས་ཅི་སིས་ད་དུང་ལོ་མང་གོང་དུ་པི་གྲུ་ཁ་ཉམས་རྒུད་འགྲོ་བའི་གནས་ཚུལ་ཡང་གསལ་པོ་ངེས་པ་སྟེ། སྔར་ཡོད་ཀྱི་སྒྲིག་ཆས་ལ་བདག་སྐྱོང་ཡག་པོ་མ་བྱུང་བ་དང་གྲུ་ཁའི་འགག་རྩའི་སྒྲིག་ཆས་ཡིན་པའི་ཟམ་འདེགས་བཞི་ཁོ་ན་ལས་བེད་སྤྱོད་གཏོང་མི་ཐུབ་པ། རྒྱལ་སྒོ་བཟོ་ཚོགས་ཀྱིས་བཀག་ནས་བཟོ་པ་རྒྱུན་ལྡན་ལྟར་ལས་ཀར་འགྲོ་མི་ཐུབ་པ། གྲུ་གཟིངས་གྲུ་ཁར་ལུས་མང་བ། གྲུ་ཁའི་སྒོ་ཁར་ལྗིད་འདེགས་རླངས་འཁོར་རིང་ཚད་སྤྱི་ལེ་5ཙམ་འགག་པ། གྲུ་བདག་ཕལ་ཆེ་བས་གྲུ་ཁ་བློས་བཏང་ནས་འགྲོ་བ་བཅས་རེད།

    ཝ་མུའུ་ཝ་ཅིས་ཅི་སིས་དོ་དམ་ཚོགས་པ་གསར་པས་རྩིས་བླངས་མ་ཐག་སྤྱི་ཚོགས་ཀྱིས་པི་གྲུ་ཁར་ཡིད་ཆེས་བྱེད་ཚད་ཆེ་རུ་གཏོང་དགོས་སྟབས་ཚོགས་པས་ཧུར་བརྩོན་ཆེན་པོས་ལས་ཀ་བྱས་པ་དང་ཁོང་ཚོའི་དཀའ་སྤྱད་འབད་འཐབ་ལ་བསམ་ཤེས་དང་རྒྱབ་སྐྱོར་བྱེད་མཁན་མང་པོ་བྱུང་ཡོད་ཅེས་དྲན་གསོ་བྱེད་བཞིན་དུ་བཤད། གྲངས་གཞི་ལས་མཉམ་ལས་དེ་བྱས་ཏེ་ཀེ་རི་སེའི་དཔལ་འབྱོར་སླར་གསོ་བྱེད་པར་སྒུལ་ཤུགས་ཆེན་པོ་སྦྱིན་པ་བདེན་དཔང་བྱས་པ་སྟེ། PCTཡིས་ཡུལ་དེར་ལས་ཞུགས་ལས་གནས་2000ཐད་ཀར་བཏོད་པ་རེད།

    པི་གྲུ་ཁའི་གཞུང་ཕྱོགས་དྲ་ཚིགས་ཐོག་ཡོངས་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལ་གཞིགས་ན། པི་གྲུ་ཁར་2018ལོར་ཡོ་རོབ་ཀྱི་སྒོར་མོ་དུང་ཕྱུར་1.3བཏོད་པ་དེ་ལོ་གོང་མ་ལས་19.2%འཕར་བ་དང་ཁེ་སྤོགས་གཙང་མ་དེ་2017ལོའི་ཡོ་རོབ་ཀྱི་སྒོར་མོ་ཁྲི་1130ལས་2018ལོའི་ཡོ་རོབ་ཀྱི་སྒོར་མོ་ཁྲི་2790བར་འཕར་ཏེ་འཕར་ཚད་147%ཟིན་པ་རེད།

    འབྱུང་འགྱུར་སྐོར་གླེང་སྐབས་ཝ་མུའུ་ཝ་ཅིས་ཅི་སིར་ཡིད་ཆེས་ཀྱིས་ཁེངས་ཡོད། 2015ལོའི་ལོ་འགོར་PCTཡིས་གྲུ་ཁ་ཨང་3པའི་ནུབ་ངོས་སྐྲུན་འགོ་ཚུགས་པ་དང་2019ལོར་བསྐྲུན་ཟིན་རྗེས་པི་གྲུ་ཁའི་ལོ་འཁོར་གྱི་བཀོལ་སྤྱོད་ནུས་པ་ཚད་ལྡན་དོས་སྒམ་ཁྲི་620ཟིན་ནས་ས་དབུས་རྒྱ་མཚོའི་ས་ཁུལ་གྱི་གྲུ་ཁ་ཆེ་ཤོས་ཀྱི་གྲས་སུ་འགྱུར་རྒྱུ་རེད།

    ཝ་མུའུ་ཝ་ཅིས་ཅི་སིས“མིག་སྔར་ངེད་ཚོ་ནི་ས་དབུས་རྒྱ་མཚོའི་དོས་སྒམ་གྲུ་ཁ་ཆེ་ཤོས་ཨང་གཉིས་པ་དེ་ཡིན་མོད། འོན་ཀྱང་ངེད་ཚོའི་དམིགས་ཡུལ་ནི་ཨང་དང་པོར་གྱུར་བ་བྱ་རྒྱུ་དེ་ཡིན”ཞེས་བཤད།

    ཀེ་རི་སེས་རྒྱལ་སྤྱིའི་ཟོག་འགྲེམས་བར་བརྒྱུད་འགག་གནད་སྐྲུན་པའི་འཐབ་ཇུས་དང“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ཕན་ཚུན་འཚམ་པོ་བྱུང་ཞིང་། ཀྲུང་ཀེ་ཕྱོགས་གཉིས་པོས་པི་གྲུ་ཁ་འདི་ཉིད་ས་དབུས་རྒྱ་མཚོའི་ས་ཁུལ་གྱི་དོས་སྒམ་བར་བརྒྱུད་གྲུ་ཁ་དང་། མཚོ་ཐོག་དང་སྐམ་ས་མཉམ་སྐྱེལ་ཟམ་སྣེའི་བཙན་རྫོང་། རྒྱལ་སྤྱིའི་ཟོག་འགྲེམས་ཁག་བགོས་ལྟེ་གནས་བཅས་སུ་ཧུར་ཐག་བསྐྲུན་ནས་ཀྲུང་གོ་དང་ཡོ་རོབ་ཀྱི་སྐམ་ས་དང་མཚོ་ཐོག་མགྱོགས་ལམ་དང་དེ་བཞིན“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་བྱ་ཆེད་འདེགས་སྐྱོར་ནུས་པ་གལ་ཆེན་བཏོན་ནས་རྒྱལ་ཁབ་གཉིས་པོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ནུས་རྒྱུ། གློག་འཕྲིན། རྒྱ་མཚོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟམ་མི་ཆད་པར་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྐུལ་ཁྲིད་བྱས་ཐོག་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཁེ་ཕན་དེ་བས་མང་བ་ཐོབ་པ་བྱ་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།