[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • མཉམ་འབྲེལ་རྒྱལ་ཚོགས་གླེང་སྟེགས་ཀྱིས་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་སྒྱུར་བཅོས་མགྱོགས་མྱུར་བྱེད་དགོས་པའི་རེ་འབོད་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-18

    ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་ཟླ་4ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཚེས་15ཉིན། 2019ལོའི་མཉམ་འབྲེལ་རྒྱལ་ཚོགས་དཔལ་འབྱོར་དང་སྤྱི་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་འཕེལ་རྒྱས་མ་དངུལ་གྲབས་གསོག་གླེང་སྟེགས་ཉིའུ་གཡོད་དུ་འཚོགས་པ་རེད། གླེང་སྟེགས་ལ་ཞུགས་མཁན་སྲིད་གཞུང་གི་དཔོན་རིགས་དང་རིགས་གཅིག་མཁས་ཅན་གྱིས་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་སྒྱུར་བཅོས་བྱེད་ཤུགས་ཆེ་རུ་བཏང་ནས་འཛམ་གླིང་གི་དཔལ་འབྱོར་ལ་འཕྲད་པའི་འགྲན་སློང་ལ་ཁ་གཏད་འཇལ་དགོས་པའི་རེ་འབོད་བྱས་པ་རེད།

    མཉམ་འབྲེལ་རྒྱལ་ཚོགས་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་གྱི་འགན་གཙོ་བོ་འཁུར་མཁན་དྲུང་ཆེ་གཞོན་པ་ལིའུ་ཀྲེན་མིན་གྱིས། ཉིན་དེའི་གླེང་སྟེགས་སུ་འཕེལ་རྒྱས་ཀྱི་མ་དངུལ་གྲབས་གསོག་གནད་དོན་གྱི་སྒྲིག་གཞིའི་དབར་གྱི་ལས་དོན་རུ་ཁག་གི་2019ལོའི་སྙན་ཞུ་ངོ་སྤྲོད་བྱས་ཤིང་། སྙན་ཞུའི་ནང་2018ལོར་རྒྱལ་སྤྱིའི་ཚོང་དོན་གྱི་དུས་བབ་ཧ་ཅང་ཛ་དྲག་ཏུ་ཕྱིན་ནས་འཛམ་གླིང་ཚོང་དོན་རྩ་འཛུགས་དང་དེའི་རྩོད་གཞི་ཐག་གཅོད་བྱེད་པའི་ལམ་སྲོལ་ལ་ཉེན་ཁ་འཕྲད་པས་འཛམ་གླིང་གི་དཔལ་འབྱོར་ཤུགས་ཆེན་ཆག་པའི་ཉེན་ཁ་འཕྲད་ཡོད། འགྲན་སློང་འདི་དག་གི་མདུན་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱོགས་མང་གི་ཚོང་དོན་སྒྲོམ་གཞིའི་ནང་དུ་ཐག་གཅོད་བྱེད་ཐབས་འཚོལ་དགོས་ངེས་རེད་ཅེས་འཁོད་ཡོད་པ་རེད།

    ལིའུ་ཀྲེན་མིན་གྱིས་མིག་སྔར་གོ་ལ་ཧྲིལ་པོར་དཔལ་འབྱོར་གྱི་ཉེན་ཁ་སྣ་ཚོགས་འཕྲད་པའི་གྲས་སུ། འཛམ་གླིང་གི་དཔལ་འབྱོར་འཕར་ཚད་འགོར་དུ་འགྲོ་བ་དང་། བུ་ལོན་གྱི་ཉེན་ཁ་ཆེ་རུ་འགྲོ་བ། རྒྱལ་ཁབ་ཁག་གཅིག་གི་མ་རྩ་འབོར་ཆེན་ཕྱིར་གྱར་པ་སོགས་ཀྱི་ཉེན་ཁ་འཕྲད་པ་ཚུད་ཡོད་ཅེས་བཤད།

    རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་ཙུང་ཚའེ་གཞོན་པ་ཀྲང་ཐའོ་ཡིས། “གནད་དོན་གང་ཞིག་ཡིན་རུང་ཚོང་དོན་གྱི་གནད་དོན་ལས་མངོན་གསལ་དོད་པ་མེད”ཅེས་བཤད་པ་དང་། ཁོང་གིས་ཕྱོགས་ཁག་གིས་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་སྒྱུར་བཅོས་ཧུར་ཐག་བྱས་ནས་མིག་སྔའི་ཛ་དྲག་གི་དུས་བབ་ཞི་ལྷོད་དུ་བཏང་སྟེ་དུས་འབྲིང་དུ་འཕར་ཚད་སྔར་བས་ཆེན་པོ་ཡོང་བར་བྱེད་དགོས་པའི་རེ་འབོད་བྱས་པ་རེད།

    འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་གཞུང་ལས་ཁང་གི་ཀྲུའུ་རེན་ཏིས་མུ་ཡན་ཏེས། གོ་ལ་ཧྲིལ་པོའི་ཚོང་དོན་གྱི་གནས་ཚུལ་ལེགས་སུ་འགྲོ་མིན་དེ་ཛ་དྲག་གི་དུས་བབ་ཞི་ལྷོད་དུ་འགྲོ་མིན་ལ་ཐུག་ཡོད། དེར་བརྟེན་ཕྱོགས་མང་ཚོང་དོན་སྒྲིག་གཞིར་དགེ་མཚན་ལྡན་པའི་སྒྱུར་བཅོས་ཐབས་ལམ་ཞིག་གཏན་འཁེལ་བྱེད་དགོས་ངེས་རེད། དེ་ལྟར་མ་བྱས་ཚེ་འཛམ་གླིང་དཔལ་འབྱོར་ལ་འཕྲད་པའི་གཏན་འཁེལ་མེད་པའི་རང་བཞིན་རྒྱུན་མཐུད་གནས་སྲིད་ཅེས་བཤད།

    མཉམ་འབྲེལ་རྒྱལ་ཚོགས་སྐབས་73པའི་ཚོགས་ཆེན་གྱི་ཀྲུའུ་ཞི་ཨའེ་སི་ཕི་ནོ་ས་ཡིས་ངེས་པར་དུ་ཕྱོགས་མང་གི་ཚོང་དོན་སྒྲིག་སྲོལ་བརྟན་དུ་གཏོང་བ་དང་ཆབས་ཅིག་ནུས་པ་འཛུགས་སྐྱོང་འགན་ལེན་དང་ལག་རྩལ་བརྒྱུད་བཤུག་དོན་འཁྱོལ་སོགས་ཀྱི་ཐད་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་སྔོན་དུ་བསམ་གཞིག་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།