[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རྒྱལ་སྤྱིའི་དབུལ་པོ་ཉུང་གཏོང་མཉམ་ལས་ཐད་གྲོང་གསེབ་ཀྱི་ཕྲན་ཚོགས་ཡིད་རྟོན་དངུལ་བུན་གྱི་རྣམ་པ་གསར་པ་འཚོལ་ཞིབ་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-14

    ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་འབྱོར་པའི་གློག་འཕྲིན། ཉིན་རེའི་ཞོགས་པའི་ཆུ་ཚོད་དྲུག་པར། ཝང་དབྱིན་ཆུང་མལ་ལས་ལངས་ཏེ་བྱ་དེར་གཡོག་བྱེད་བྱེད་ཀྱི་ཡོད། བྱ་དེ་གསོ་ཚགས་བྱེད་པར་ཡོང་འབབ་ཧ་ཅང་མང་པོ་མེད་རུང་ཁྱིམ་ཚང་གི་འགྲོ་སོང་ཕུད་ད་དུང་ཅུང་ཙམ་གསོག་རྒྱུ་ཡང་ཡོད་པས་འཚོ་བར་རེ་བས་ཁེངས་ཡོད།

    2013ལོར། མ་བུ་གཉིས་ཀ་ན་ནས་སྨན་ཁང་དུ་སྡོད་དགོས་བྱུང་བ་མ་ཟད། ད་དུང་བྱ་ནད་ཕོག་ནས་བྱ་གསོ་ར་བར་ཡང་གྱོང་གུན་སྒོར་ཁྲི་10ལྷག་ཙམ་ཕོག “ཁྱིམ་ཚང་གི་ཆེད་དུ། གང་ལྟར་ཡང་བྱ་གསོ་ར་བ་རྒྱུན་འཁྱོངས་བྱ་རྒྱུ་ཡིན” ཡིན་ན་ཡང་། དེ་སྔོན་ཡིད་རྟོན་དངུལ་ཁང་ནས་བླངས་པའི་དངུལ་བུན་སྒོར་ཁྲི་2འཇལ་མི་ཚར་སྟབས་ཡང་བསྐྱར་དངུལ་ཁང་ནས་དངུལ་བུན་གཡར་ཐབས་བྲལ། “སྐབས་དེར་སེམས་ཁྲལ་ཆེན་པོ་བྱུང་སོང”

    2014ལོར། མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་གཞི་ཧྲུའུ་དང་ཀྲུང་གོ་རྒྱལ་སྤྱིའི་དཔལ་འབྱོར་ལག་རྩལ་སྤེལ་རེས་ལྟེ་གནས་ཀྱིས་ཚོང་དོན་པུས་གནས་གཏན་འཁེལ་གྱིས་རོགས་སྐྱོར་བྱེད་སའི་སི་ཁྲོན་ཞིང་ཆེན་དབྱི་ལུང་རྫོང་གི་དབུལ་སྐྱོར་རོགས་རེས་ཁང་གི་གསར་གཏོད་རྣམ་གྲངས་ཚོད་ལྟ་བྱས་པ་རེད། ཝང་དབྱིན་ཆུང་ཐབས་ཟད་འུ་ཐུག་པའི་སྐབས་དེར། གྲོང་ཚོ་རོགས་རེས་ཁང་གི་དོ་དམ་མི་སྣ་རང་འགུལ་ངང་ཡོང་ནས་ཁོང་རོགས་རེས་ཁང་དུ་ཞུགས་རྒྱུའི་རེ་བ་བཏོན། “དོ་དམ་མི་སྣ་དང་རོགས་རེས་ཁང་གི་མི་ཚང་མ་གྲོང་ཚོའི་ནང་གི་མི་ཡིན་པས། གྲོང་ཚོའི་གནས་ཚུལ་ལ་རྒྱུས་མངའ་ཟབ་མོ་ཡོད། ངའི་ནང་ལ་དཀའ་ངལ་ཡོད་པ་དང་དངུལ་བུན་གཡར་མ་ཐུབ་པ་ཡང་གསལ་པོར་ཤེས”ཝང་དབྱིན་ཆུང་གིས་ཐོབ་ཐང་ལག་ཁྱེར་བཏོན་རྗེས་སྐར་མ་20རྗེས་སུ་བྱ་གསོ་ར་བའི་འཁོར་རྒྱུག་འབོར་ཉུང་མ་དངུལ་རག་པ་རེད།

    ཡིད་རྟོན་དངུལ་ཁང་དང་མི་འདྲ་བར། དབུལ་སྐྱོར་རོགས་རེས་ཁང་གི་མ་དངུལ་ནི་གྲོང་ཚོའི་ནང་ནས་གྲབས་གསོག་བྱས་པ་ཡིན་པས་དབུལ་སྐྱོར་རོགས་རེས་ཁང་དུ་ཞུགས་མཁན་གྲོང་མི་ཚོར་མ་གཏོགས་ཞབས་འདེགས་ཞུ་གི་མེད། ཁྱིམ་མཚེས་དབར་གྱི་ཆ་འཕྲིན་ཁག་ཐེག་ཏུ་བྱེད་པ་ལས་ཞིང་པ་ཚོས་རྙོག་འཛིང་ཆེ་བའི་གཏའ་འཇོག་དཔང་ཡིག་མཁོ་འདོན་བྱེད་མི་དགོས། “ཞིང་དུད་མང་པོ་ཞིག་ལ་མ་རྩ་མེད་པ་དང་། གཉེན་ཉེ་དང་ཁྱིམ་མཚེས་ཚོས་ཁོང་ཚོས་ཞིང་ལས་ཅི་ཞིག་གཉེར་གྱི་ཡོད་པ་དང་། ཅིའི་ཕྱིར་མ་དངུལ་དཀོན་པ། ག་དུས་དངུལ་བུན་འཇལ་ཐུབ་པ་སོགས་ཤེས་ཀྱི་ཡོད་པ་འདི་ནི་ཚད་ལྡན་མིན་པའི་ཡིད་རྟོན་ཞིག་ཡིན། བྱེད་སྟངས་འདིའི་རིགས་ཀྱིས་ད་ཡོད་ཀྱི་གྲོང་གསེབ་དངུལ་རྩའི་ཞབས་ཞུར་ཧེ་བག་ཅན་གྱི་ཁ་གསབ་བྱེད་ཐུབ”ཅེས་སྤེལ་རེས་ལྟེ་གནས་མཉམ་འབྲེལ་རྒྱལ་ཚོགས་ལས་སྒོ་ཁྲུའུ་གསུམ་པའི་ཁྲུའུ་ཀྲང་པའེ་ཁྲེང་ཡུས་ཀྱིས་ངོ་སྤྲོད་བྱས།

    དུས་རབས་གོང་མའི་ལོ་རབས་དགུ་བཅུའི་ནང་། མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་གཞི་ཧྲུའུ་དང་ཚོང་དོན་པུས་དབྱི་ལུང་རྫོང་དུ་ཁྱབ་ཁོངས་ཆུང་བའི་འབོར་ཉུང་ཡིད་རྟོན་དངུལ་བུན་གྱི་ཚོད་ལྟ་བྱས་པ་རེད། སྐབས་དེར། ལྟ་འདོམས་ཡག་པོ་མེད་པ་ནི་དབུལ་སྐྱོར་རོགས་རེས་ཁང་འཕེལ་རྒྱས་གཏོང་བའི་ཁྲོད་ཀྱི་གནད་དོན་ཆེ་ཤོས་ཡིན། 2014ལོར། རྣམ་གྲངས་དེར་རང་ཡུལ་ཅན་གྱི་གསར་གཏོད་བྱས་པ་སྟེ། རྫོང་རིམ་པའི་ཕྱོགས་གསུམ་པའི་ལས་སྟེགས“དམངས་ཕྱུག་ལྟེ་གནས”བཙུགས་ནས་རྒྱལ་ཁབ་ཀྱི་གནད་སྨིན་དབུལ་སྒྲོལ་སྲིད་ཇུས་ལ་སྦྲེལ་མཐུད་བྱས་པ་མ་ཟད། ད་དུང་གྲོང་ཚོ་ཁག་གི་མ་དངུལ་སྙོམས་སྒྲིག་བྱས་ནས་གྲོང་ཚོ་རིམ་པའི་དབུལ་སྐྱོར་རོགས་རེས་ཁང་ལ་ལྟ་སྐུལ་དང་མཛུབ་ཁྲིད་ཀྱང་བྱས་པ་རེད། མིག་སྔར་གསར་གཏོད་ཡན་ལག་རྣམ་གྲངས་དེ་ཀུའེ་ཀྲོའུ་དང་། སི་ཁྲོན། ཧྥུའུ་ཅན་སོགས་སུ་སྤེལ་བཞིན་ཡོད་པ་རེད།

    དམངས་ཕྱུག་ལྟེ་གནས་བཙུགས་རྗེས། ཡིད་རྟོན་དངུལ་བུན་གཏོང་ལེན་འགྲོ་ལུགས་གྲོང་ཚོའི་རིམ་པ་ནས་གཉེར་གྱི་ཡོད་ཀྱང་མ་དངུལ་ལེན་སྤྲོད་ཐད་ལྟེ་གནས་ཀྱིས་མོས་མཐུན་བྱེད་དགོས། གྲོང་གསེབ་ཀྱི་རོགས་རེས་དངུལ་རྩའི་ཆ་འཕྲིན་མ་ལག་བརྒྱུད་དངུལ་བུན་གཏོང་ལེན་འགྲོ་ལུགས་གཉེར་ཚུལ་ལུགས་མཐུན་ཡིན་མིན་ཀུན་གྱིས་ཤེས་ཐུབ། ཞིང་དུད་ཚོར་གནས་ཚུལ་ཤེས་རྟོགས་བྱེད་དབང་དང་ལྟེ་གནས་ལ་ལྟ་འདོམས་དག་ཐེར་བྱེད་དབང་ཡོད།

    2018ལོའི་ལོ་མཇུག་བར། དབྱི་ལུང་རྫོང་གིས་དབུལ་སྐྱོར་རོགས་རེས་ཁང་ཁྱོན་50འཕེལ་རྒྱས་བཏང་བར་མ་དངུལ་སྒོར་ཁྲི་6680ཡོད། རིམ་རྩིས་བརྒྱབ་ན་ལོ་5ཙམ་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་3125ཚུད་པའི་ཞིང་དུད་34760ལ་ཕན་པ་ཐོབ་ཡོད་པ་རེད། དབྱི་ལུང་རྫོང་གིས་2018ལོར་དབུལ་སྒྲོལ་ལས་འགན་ལེགས་སྒྲུབ་བྱས་ནས་ཁྱོན་དབུལ་པོ་ཁྲི་10.01ཉུང་དུ་ཕྱིན་པ་རེད། མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་གཞི་ཧྲུའུ་དང་ཚོང་དོན་པུས་དབྱི་ལུང་རྫོང་དུ་འཚོལ་ཞིབ་བྱས་པ་དེས་དབྱི་ལུང་རྫོང་ལ་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལས་རྒྱལ་ཁ་ལེན་རོགས་བྱས་པ་མ་ཟད། ད་དུང་རང་རྒྱལ་གྲོང་གསེབ་ཀྱི་ཀུན་ཕན་དངུལ་རྩ་འཕེལ་རྒྱས་གཏོང་རྒྱུར་ཉམས་མྱོང་ཡང་མཁོ་འདོན་བྱས་ཡོད་པ་རེད།

    དབུལ་སྒྲོལ་བྱུང་རྗེས་དབུལ་པོ་རང་ལོག་གི་གནས་ཚུལ་སྔོན་འགོག་བྱ་ཆེད། མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་གཞི་ཧྲུའུ་དང་ཚོང་དོན་པུས་དབྱི་ལུང་རྣམ་པའི་ཕྱོགས་སྒྱུར་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱས་ནས། ཐོན་སྐྱེད་དང་། མཁོ་འཚོང། ཡིད་རྟོན་མཉམ་ལས་བཅས་གནས་གསུམ་གཞི་གཅིག་གི་ཕྱོགས་བསྡུས་འཕེལ་རྒྱས་ཁ་ཕྱོགས་བསྟན་ཏེ་དུད་ཚང་དབུལ་པོ་ཚོར་སོ་སོའི་རང་བརྟེན་ནུས་པ་སྐྱེད་སྲིང་བྱ་རྒྱུའི་ལྕག་སྐུལ་བྱེད་ཀྱི་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།