[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུའི་མགྲིན་ཚབ་པས“ཀྲུང་གོ་བསྐྱར་སྐྲུན་བྱས་པ”ཞེས་པའི་ཨ་རིའི་བཤད་ཚུལ་ལ་ཕྱོགས་གསུམ་ཐད་ནས་དགག་པ་བརྒྱབ་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-12

    ཚེས་10ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལུའུ་ཁང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག“ཀྲུང་གོ་བསྐྱར་སྐྲུན་བྱས་པ”ཞེས་པའི་ཨ་རིའི་བཤད་ཚུལ་ལ་ཕྱོགས་གསུམ་ཐད་ནས་དགག་པ་བརྒྱབ་ཏེ་ཨ་རིར་བསམ་བློའི་འཁྱེར་སོ་ཡོ་བསྲང་བྱེད་པ་དང་དོན་དངོས་ལ་བརྩི་འཇོག་བྱས་ཏེ་ཀྲུང་གོར་དོན་མེད་སྐྱོན་འཛུགས་བྱེད་མཚམས་འཇོག་རྒྱུའི་ལྕག་སྐུལ་བྱས་པ་རེད།

    གསར་འགོད་པ་ཞིག་གིས་ཉེ་ཆར་ཨ་རིའི་འགོ་ཁྲིད་མི་སྣས་འདས་ཟིན་པའི་ལོ་20ལྷག་ཙམ་ནང་ཨ་རིས་ཀྲུང་གོར་ཕྱོགས་པའི་ཚོང་དོན་ཐད་གཏོང་ཉུང་འདྲེན་མང་གི་ཧེ་བག་བྱུང་ནས་ཀྲུང་གོར་རྒྱུ་ནོར་འབོར་ཆེན་ཞིག་སྤྲད་པ་དེ་ཨ་རིས་ཀྲུང་གོ“བསྐྱར་སྐྲུན”བྱས་པ་ལྟར་ཡིན་ཞེས་ཐེངས་མང་བརྗོད་ཡོད་པས་ཀྲུང་གོ་ཕྱོགས་ཀྱིས་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།

    ལུའུ་ཁང་གིས་ཨ་རིའི་འགོ་ཁྲིད་མི་སྣས་ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཚང་མ་ཨ་རིར་བརྟེན་ནས་བྱུང་ཡོད་ལུགས་བཤད་པ་དེ་ནི་དོན་དངོས་དང་ཡོངས་སུ་མི་མཐུན་པ་མ་ཟད། གཏན་ཚིགས་རིག་པའི་ཐོག་ནས་ཀྱང་ཁུངས་མི་འཕེར་བ་ཞིག་ཡིན་པ་སྟེ།

    དང་པོ། རྒྱལ་ཁབ་སུ་འདྲ་ཞིག་ཡིན་རུང་འཕེལ་རྒྱས་ཕྱིན་པ་དེ་རང་ཉིད་ལ་བརྟེན་ནས་བྱུང་བ་ཞིག་ཡིན་ཞིང་། ཀྲུང་གོར་ད་བར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་ཐོབ་པ་དེ་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་པའི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་པར་བརྟེན་ནས་བྱུང་བ་དང་། བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་གཏིང་ཟབ་བྱེད་པ་དང་སྒོ་དབྱེ་རྒྱ་ཆེར་གཏོང་བར་བརྟེན་ནས་བྱུང་བ། ཀྲུང་གོ་མི་དམངས་ཡོངས་ཀྱི་དཀའ་སྤྱད་འབད་བརྩོན་དང་བློ་གྲོས་ལ་བརྟེན་ནས་བྱུང་བ་བཅས་རེད། དེ་བས་གླེང་མི་དགོས་པ་ཞིག་ནི་ཀྲུང་གོས་སྒོ་བརྒྱབ་ནས་འཛུགས་སྐྲུན་བྱས་པ་ཞིག་མིན་པར་སྒོ་མོ་རྒྱ་ཆེར་ཕྱེ་ནས་རྒྱལ་ཁབ་ཁག་དང་གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་བྱེད་ཀྱི་ཡོད། མི་འབོར་དུང་ཕྱུར་14ཙམ་ཡོད་པའི་རྒྱལ་ཁབ་ཆེ་མོ་ཞིག་གི་ངོས་ནས་ཀྲུང་གོའི་འཕེལ་རྒྱས་དེ་མི་གཞན་གྱི་གསོལ་རས་ལ་བརྟེན་ནས་སྡོད་མི་སྲིད་ལ་རྒྱལ་ཁབ་གང་ཞིག་ལ་ཀྲུང་གོ“བསྐྱར་སྐྲུན”བྱེད་པའི་སྟོབས་ཤུགས་དེ་ལྟ་བུ་ཡོད་མི་སྲིད།

    གཉིས་པ། ཨ་རིས་ཀྲུང་གོར་ཕྱོགས་པའི་ཚོང་དོན་གཏོང་ཉུང་འདྲེན་མང་གི་ཧེ་བག་དེ་ནི་ཕྱི་རོལ་ཡུལ་གྱི་རྒྱུ་རྐྱེན་མང་པོ་ཞིག་ལས་བྱུང་བ་ཞིག་ཡིན་ཞིང་། ཀྲུང་གོ་ཕྱོགས་ཀྱིས་འདི་ལོའི་ཟླ་9པར《ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་རྩོད་གཞིའི་སྐོར་གྱི་དོན་དངོས་དང་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས》ཀྱི་རྒྱབ་ཤ་དཀར་པོའི་དེབ་ཡོངས་བསྒྲགས་བྱས་ཏེ་གནད་དོན་དེའི་ཐད་ཕྱོགས་ཡོངས་ནས་རྒྱས་བཤད་བྱས་ཡོད། མདོར་བསྡུས་ནས་བཤད་ན། ཨ་རིས་ཀྲུང་གོར་ཕྱོགས་པའི་ཚོང་དོན་གཏོང་ཉུང་འདྲེན་མང་གི་ཧེ་བག་བྱུང་བ་ནི་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་ལེགས་ཆའི་ཧེ་བག་དང་རྒྱལ་སྤྱིའི་ལས་བགོས་ཀྱི་བཀོད་པར་རག་ལུས་ཡོད། དེའི་ཐད་ཨ་རིའི་དཔལ་འབྱོར་རིག་པ་མཁས་ཅན་གྱིས་སྔ་ས་ནས་བདེན་གཏམ་སྤེལ་ཡོད་པ་རེད། ཀྲུང་གོའི་ཕྱི་ཕྱོགས་ཚོང་དོན་གྱིས་སྔར་ནས་ད་བར་ཁྲོམ་རའི་ཆོས་ཉིད་ལ་སྲུང་བརྩི་ཞུ་བ་དང་དྲང་གཞག་གི་ཉོ་ཚོང་བྱེད་ཀྱི་ཡོད། ཨ་རིས་ཀྲུང་གོ་ནས་ཉོ་ཚད་མང་ལ་ཀྲུང་གོར་ཚོང་ཚད་ཉུང་བ་དང་ལྷག་པར་དུ་ཀྲུང་གོར་ཟུར་སྣོན་རིན་ཐང་མཐོ་བའི་ཐོན་ཟོག་ཕྱིར་གཏོང་བྱེད་པའི་ཐད་རང་སོ་སོས་ཚོད་འཛིན་བཟོས་རྐྱེན་གཏོང་ཉུང་འདྲེན་མང་གི་ཧེ་བག་ཤོར་རྒྱུ་སྨོས་མེད་རེད། ཨ་རིས་དེར་བརྟེན་ནས་ཀྲུང་གོར་སྐྱོན་འཛུགས་བྱས་པ་དེ་ནི་དྲང་གཞག་མིན་ལ་ལུགས་དང་ཡང་མཐུན་གྱི་མེད།

    གསུམ་པ། ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་པོའི་ཚོང་དོན་དེ་ནི་ཨ་རིས་ཀྲུང་གོར་རྒྱུ་ནོར་སྤྲད་ཡོད་ཟེར་བའི“རྐྱང་འགྲོའི་ལམ་བུ”ཞིག་གཏན་ནས་མིན་པར་དུས་ཡུན་རིང་པོའི་ནང་ཨ་རིར་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཁྲོད་ནས་རྒྱ་ཁྱབ་ཀྱི་དཔལ་འབྱོར་ཁེ་ཕན་ཆེན་པོ་ཐོབ་ཡོད། ཨ་ཀྲུང་ཚོང་དོན་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སོགས་སྒྲིག་གཞིས་ཚོད་རྩིས་བྱས་པར་གཞིགས་ན། ཀྲུང་ཨའི་ཚོང་དོན་ལས་ཆ་སྙོམས་བྱས་ན་ལོ་ལྟར་ཨ་རིའི་ཁྱིམ་ཚང་མི་རེ་ངོ་རེར་ཨ་སྒོར་850ཟིན་པའི་མ་གནས་གྲོན་ཆུང་ཐུབ་ཀྱི་ཡོད་པ་རེད། ཀྲུང་གོའི་ཚོང་དོན་པུའུ་ཡིས་བསྡོམས་རྩིས་བྱས་པ་ལྟར་ན། 2016ལོར་ཨ་རིའི་ཁེ་ལས་ལ་ཀྲུང་གོར་ཚོང་གཉེར་བྱས་པའི་ཡོང་འབབ་ཨ་སྒོར་དུང་ཕྱུར་6068ཙམ་ཟིན་ནས་ཁེ་སྤོགས་ཨ་སྒོར་དུང་ཕྱུར་390ལྷག་ཟིན་ཡོད་པ་རེད། འཇར་མན་རྒྱལ་ཕྲན་མཉམ་འབྲེལ་དངུལ་ཁང་གིས་འདི་ལོའི་ཟླ་6པར་སྤེལ་བའི་ཞིབ་འཇུག་སྙན་ཞུའི་ནང་དོན་དངོས་ཐོག་ཨ་རིར་ཀྲུང་ཨའི་ཕྱོགས་གཉིས་པོའི་ཚོང་དོན་ཁྲོད་ནས་ཀྲུང་གོ་ལས་དེ་བས་མང་བའི་ཚོང་ལས་ཀྱི་ཁེ་བཟང་གཙང་མ་ཐོབ་ཡོད་པའི་ངོས་འཛིན་བྱས་ཡོད། གྲངས་གཞི་དང་དབྱེ་ཞིབ་དེ་དག་ཚང་མ་ལས་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་མཉམ་ལས་ནི་དོན་དམ་པའི་ཐོག་གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་ཤིག་ཡིན་པ་ལས་ལོ་20ལྷག་གི་དུས་ཡུན་རིང་པོའི་ནང་གྱོང་གུན་ཕོག་པའི་ཉོ་ཚོང་བྱེད་མཁན་ཡོད་མི་སྲིད་པ་གསལ་བཤད་ཐུབ་ཡོད་ཅེས་བརྗོད་པ་རེད།

    ལུའུ་ཁང་གིས་ཀྲུང་གོ་ཕྱོགས་ཀྱིས་ཨ་རིར་བསམ་བློའི་འཁྱེར་སོ་ཡོ་བསྲང་བྱེད་པ་དང་དོན་དངོས་ལ་བརྩི་འཇོག་བྱས་ཏེ་ཀྲུང་གོར་དོན་མེད་སྐྱོན་འཛུགས་བྱེད་མཚམས་འཇོག་པ་དང་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་འབྲེལ་བར་ལྟ་སྟངས་ཡང་དག་འཛིན་ནས་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་བཟོ་ཚོང་ལས་རིགས་དང་འཛད་སྤྱོད་པར་ཕན་ཐོགས་ཡོད་པའི་བྱ་བ་མང་ཙམ་བསྒྲུབ་རྒྱུའི་ལྕག་སྐུལ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།