[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཁུ་པ་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཨ་རིས་ཁུ་པར་བཀག་སྡོམ་བྱས་པར་ངོ་རྒོལ་བྱ་རྒྱུའི་རེ་འབོད་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-12

     ཁུ་པའི་རྒྱལ་ཡོངས་མི་དམངས་སྲིད་དབང་འཐུས་མི་ཚོགས་ཆེན་གྱིས་ཉེ་ཆར་དཔང་ཉན་ཚོགས་འདུ་འཚོགས་ནས་ཨ་རིས་ཉེ་བའི་ལོ་60ཡི་རིང་ཁུ་པར་དཔལ་འབྱོར་དང་དངུལ་རྩའི་བཀག་སྡོམ་དང་ཚོང་དོན་སྐྱེལ་འདྲེན་བཀག་སྡོམ་བྱས་པ་ལས་ཤུགས་རྐྱེན་ངན་པ་བཟོས་པའི་གནས་ཚུལ་དམར་འདོན་བྱས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁུ་པའི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱས་ཏེ་ཨ་རིར་ཁུ་པར་བཀག་སྡོམ་བྱེད་མཇུག་སྒྲིལ་རྒྱུའི་ལྕག་སྐུལ་བྱེད་དགོས་པའི་རེ་འབོད་བྱས་པ་རེད།

    ཁུ་པའི་རྒྱལ་ཡོངས་མི་དམངས་སྲིད་དབང་འཐུས་མི་ཚོགས་ཆེན་གྱི་རྒྱལ་སྤྱིའི་འབྲེལ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཡོད་ལན་ཏ·ཧྥེ་ལེར་གྱིས་དཔང་ཉན་ཚོགས་འདུའི་ཐོག་ཨ་རིས་ཁུ་པར་བཀག་སྡོམ་བྱས་པ་ནི“ཆེས་དྲང་གཞག་མེད་པ་དང་། གདུག་རྩུབ་ཆེ་བ། དུས་ཡུན་རིང་བ”བཅས་ཀྱི་ཕྱོགས་རྐྱང་པའི་བཀག་སྡོམ་ཞིག་དང་། ཁུ་པའི་དམངས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ“གཞི་ཁྱོན་ཆེ་བ་དང་། མངོན་སུམ་འཛེམས་མེད། བརྒྱུད་རིམ་རང་བཞིན་བཅས་ཀྱི་བཙན་གནོད”ཅིག ཁུ་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཤུགས་རྐྱེན་བཟོ་བའི་འགལ་རྐྱེན་གཙོ་བོ་ཞིག་བཅས་རེད་ཅེས་བརྗོད་པ་རེད།

    ཧྥེ་ལེར་གྱིས་ཁུ་པ་དང་ཨ་རི་ཕྱོགས་གཉིས་པོའི་འབྲེལ་བ་ཇེ་སྡུག་ཏུ་ཕྱིན་པ་དང་ཨ་རི་སྲིད་གཞུང་གིས་ཁུ་པར་བཀག་སྡོམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་གཏན་འབེབས་བྱས་ཏེ་ཨ་རིའི་ཁེ་ལས་ཁུ་པར་ཚོང་དོན་དང་མ་འཇོག་བྱ་རྒྱུར་སྔར་བས་བཀག་འགོག་བྱས་པ་དང་ཨ་རིའི་སྤྱི་དམངས་ཁུ་པར་ཡུལ་སྐོར་དུ་བསྐྱོད་རྒྱུ་ཚོད་འཛིན་བྱས་པ་དང་ཆབས་ཅིག་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ནང་ཁུ་པས་དངུལ་རྩའི་ཉོ་ཚོང་དང་དངུལ་ཁང་ལས་སྒོ་གཉེར་རྒྱུ་བཀག་འགོག་བྱས་པ་དེས་ཁུ་པའི་དངུལ་ཁང་དང་ཁེ་ལས་ལ་གྱོང་གུན་ཚབས་ཆེན་བཟོས་ཡོད་ཅེས་བརྗོད།

    ཁོང་གིས་ཨ་རིའི་རྒྱལ་ཚོགས་ཀྱིས“ཨ་རིའི་སྤྱི་ཚོགས་ཀྱི་རྒྱ་ཆེའི་ལས་རིགས་ཀྱི་མི་མང་ཆེ་བའི་བསམ་འཆར་ཉན་ནས”ཁུ་པར་བཀག་སྡོམ་བྱེད་མཇུག་འགྲིལ་དགོས་པ་དང་ཆབས་ཅིག་ཁུ་པས་མཉམ་འབྲེལ་རྒྱལ་ཚོགས་ལ་ཕུལ་བའི་རེ་ཞུར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུན་མོང་ཐོག་རྒྱབ་སྐྱོར་བྱས་ཏེ་ཨ་རིས་ཁུ་པར་བཀག་སྡོམ་བྱེད་པའི་འབྲེལ་ཡོད་གྲོས་ཆོད་འཆར་ཟིན་མཚམས་འཇོག་བྱེད་དགོས་པའི་རེ་འབོད་བྱ་རྒྱུ་ཡིན་ཞེས་བརྗོད།

    ཁུ་པ་སྲིད་གཞུང་གིས་འདི་ལོའི་ཟླ་8པར་སྙན་ཞུ་ཡོངས་བསྒྲགས་བྱས་ཏེ་ཨ་རིས་དུས་ཡུན་རིང་པོའི་ནང་ཁུ་པར་དཔལ་འབྱོར་དང་དངུལ་རྩའི་བཀག་སྡོམ་དང་ཚོང་དོན་སྐྱེལ་འདྲེན་བཀག་སྡོམ་བྱས་པའི་རྐྱེན་གྱིས་ཁུ་པར་ཉེ་བའི་ལོ་60རིང་རིམ་རྩིས་བྱས་ན་ཨ་སྒོར་དུང་ཕྱུར་9336.78གྱོང་གུན་ཕོག་ཡོད་ཅེས་བཤད་པ་རེད།

    1959ལོར་ཁུ་པའི་གསར་བརྗེའི་རྗེས་ཨ་རི་སྲིད་གཞུང་གིས་ཁུ་པར་དགྲར་འཛིན་པའི་སྲིད་ཇུས་ལག་བསྟར་བྱས་ཤིང་། 1961ལོར་ཨ་རི་དང་ཁུ་པའི་ཕྱི་འབྲེལ་འབྲེལ་བ་བཅད་པ་དང་ཕྱི་ལོ་དེར་སྐབས་དེ་དུས་ཨ་རིའི་ཙུང་ཐུང་ཡིན་པའི་ཁེན་ཉི་ཏེས་བཀའ་ཁྲིམས་ལ་མིང་རྟགས་བཀོད་དེ་ཁུ་པའི་དཔལ་འབྱོར་དང་དངུལ་རྩར་བཀག་སྡོམ་དང་ཚོང་དོན་སྐྱེལ་འདྲེན་བཀག་སྡོམ་བྱས་པ་རེད། 2015ལོའི་ཟླ་7པར་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་དངོས་སུ་སླར་གསོ་བྱུང་བ་དང་ཐེ་རོན་ཕུས་2017ལོའི་ཟླ་1པོར་ཨ་རིའི་ཙུང་ཐུང་གི་འགན་བཞེས་རྗེས་ཨ་རི་སྲིད་གཞུང་གིས་ཁུ་པར་འཛིན་པའི་སྲིད་ཇུས་དམ་དུ་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

    ཟླ་10ཚེས་31ཉིན་ཁུ་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག《ཨ་རིས་ཁུ་པའི་དཔལ་འབྱོར་དང་། ཚོང་ལས། དངུལ་རྩ་བཅས་ལ་བཀག་སྡོམ་བྱེད་མཚམས་འཇོག་པའི་དགོས་ངེས་རང་བཞིན》ཞེས་པའི་གྲོས་ཆོད་འཆར་ཟིན་འབུལ་རྒྱུ་ཡིན་པ་དང་1992ལོ་ཚུན་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ལོ་26བསྟུད་མར་ཁུ་པས་ཕུལ་བའི་ཨ་རིས་ཁུ་པར་བཀག་སྡོམ་བྱེད་མཇུག་འགྲིལ་དགོས་པའི་རེ་ཞུའི་འབྲེལ་ཡོད་གྲོས་ཆོད་འཆར་ཟིན་གྲོས་འཆམ་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།