[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུས་ཨ་རི་ཕྱོགས་ལ་ཀྲུང་ཨའི་འབྲེལ་བར་གནོད་པའི་གཏམ་སྤྱོད་སྤེལ་མཚམས་འཇོག་དགོས་པའི་ཁ་ཏ་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-11

    ཚེས་9ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལུའུ་ཁང་གིས་ཀྲུང་གོ་ཕྱོགས་ཀྱིས་སྔར་ནས་ད་བར་ནང་སྲིད་ལ་ཐེ་ཇུས་མི་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱེད་ཀྱི་ཡོད་ལ། ཨ་རིའི་ནང་སྲིད་དང་འདེམས་བསྐོར་ཐེ་གཏོགས་བྱེད་འདོད་ཀྱང་མེད། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ལ་ཀྲུང་གོར་དོན་མེད་དམའ་འབེབས་དང་སྐྱོན་འཛུགས་བྱེད་མཚམས་འཇོག་དགོས་པ་དང་། རྒྱལ་ཁབ་གཞན་དག་གི་ནང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པ། ཀྲུང་ཨའི་འབྲེལ་བར་གནོད་པའི་གཏམ་སྤྱོད་སྤེལ་མཚམས་འཇོག་དགོས་པ་བཅས་ཀྱི་ཁ་ཏ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག གསར་འགོད་པ་ཞིག་གིས་ཨ་རིའི་འགོ་ཁྲིད་པས་ཉེ་ཆར་གཏམ་བཤད་སྤེལ་ནས་ཀྲུང་གོ་ཕྱོགས་ཀྱིས་ཨ་རིའི་ནང་སྲིད་དང་འདེམས་བསྐོར་ཐེ་ཇུས་བྱེད་ཀྱི་འདུག་ཅེས་སྐྱོན་འཛུགས་བྱས་འདུག ཚེས་8ཉིན་རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་ཝང་དབྱིས་རྒྱལ་དོན་བློན་ཆེན་ཕུང་ཕེ་ཨོར་དང་ཐུག་འཕྲད་བྱེད་སྐབས་སླར་ཡང་སུན་འབྱིན་གནང་འདུག ཁྱེད་ཀྱིས་གནས་ཚུལ་དེའི་སྐོར་ངོ་སྤྲོད་གནང་ན་ཡོང་ངམ་ཞེས་དྲིས་པར།

    ལུའུ་ཁང་གིས་ཨ་རིའི་འགོ་ཁྲིད་པས་དོན་མེད་ཀྱི་སྐྱོན་འཛུགས་བྱས་པ་དེར་ཀྲུང་གོ་ཕྱོགས་ཀྱིས་ཐོག་མ་ཉིད་ནས་ལངས་ཕྱོགས་གསལ་སྟོན་བྱས་ཡོད་ཅེས་བརྗོད་པ་དང་། ཁོང་གིས་གནས་ཚུལ་དེ་ནི་གཟུགས་མེད་གྲིབ་བཟོ་བྱས་པ་ཞིག་ཡིན་པས་དང་ལེན་བྱེད་ཐབས་བྲལ་བ་ཞིག་ཡིན། རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་ཝང་དབྱིས་ཚེས་8ཉིན་ཨ་རིའི་རྒྱལ་དོན་བློན་ཆེན་ཕུང་ཕེ་ཨོར་དང་ཐུག་འཕྲད་བྱེད་སྐབས་གནད་དོན་དེའི་ཐད་ཀྲུང་གོ་ཕྱོགས་ནི་ཁ་གསལ་གཏིང་གསལ་དང་ངོ་གནོང་མེད་པ་ཞིག་ཡིན་པའི་ནན་བཤད་བྱས་ཡོད་ཅེས་བརྗོད་པ་རེད།

    ཁོང་གིས་ཀྲུང་གོ་ཕྱོགས་ཀྱིས་སྔར་ནས་ད་བར་ནང་སྲིད་ལ་ཐེ་ཇུས་མི་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱེད་ཀྱི་ཡོད་ལ། ཨ་རིའི་ནང་སྲིད་དང་འདེམས་བསྐོར་ཐེ་གཏོགས་བྱེད་འདོད་ཀྱང་མེད། ཨ་རི་ཕྱོགས་ཀྱིས་ཀྲུང་གོས་སྒོ་ཁྲལ་མང་དུ་བཏང་ནས་ཨ་རིའི་འདེམས་བསྐོར་ཤུགས་རྐྱེན་བཟོ་གི་ཡོད་ཚུལ་བཏོན་ཡོད། དོན་དངོས་ཐོག་གནས་ཚུལ་དེ་ཧ་ཅང་གསལ་པོ་རེད། ཀྲུང་ཨའི་དཔལ་འབྱོར་ཚོང་དོན་གྱི་རྩོད་གཞི་ནི་ཨ་རི་ཕྱོགས་རྐྱང་པས་བསླངས་པ་ཞིག་ཡིན་པ་དེར་ཀྲུང་གོ་ཕྱོགས་ཀྱིས་དགོས་ངེས་ཀྱི་ལན་མ་སློག་ཀ་མེད་བྱུང་བ་ཞིག་རེད། དེ་ནི་ལུགས་མཐུན་གྱི་འགོག་སྲུང་རྒོལ་ལན་སློག་པ་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཚོང་དོན་འཁྲུག་རྩོད་བརྒྱབ་ན་སུ་ལའང་ཕན་པ་མེད་ཅེས་ཐེངས་མང་བརྗོད་ཡོད། ཨ་རི་ཕྱོགས་ཀྱིས་ཀྲུང་གོས་ཨ་རིར་ཕྱིར་གཏོང་བྱས་པའི་ཐོན་རྫས་སྔར་ལས་མང་བར་སྒོ་ཁྲལ་མང་དུ་བཏང་བས། ཨ་རིའི་ལས་རིགས་དང་ས་གནས་སྔར་ལས་མང་བ་ཞིག་ལ་ཀྲུང་གོ་ཕྱོགས་ཀྱི་ཁ་གཏད་འཇལ་ཐབས་ཀྱི་ཤུགས་རྐྱེན་ཕོག་པ་ལྡོག་ཐབས་མེད། དེ་ནི་ཁོང་ཚོས་ཏང་ཤོག་སུ་ལ་རྒྱབ་སྐྱོར་བྱེད་པ་དང་འབྲེལ་བ་གཏན་ནས་མེད་ཅེས་བརྗོད་པ་རེད།

    ཨ་རི་ཕྱོགས་ཀྱིས་ཀྲུང་གོའི་སྨྱན་སྦྱོར་གྱིས་ཨ་རིའི་ཡུལ་དེའི་སྨྱན་སྦྱོར་གྱི་བཙོང་བྱའི་པར་ངོས་ཉོས་ནས་རྩོམ་ཡིག་སྤེལ་བ་ནི་ཨ་རིའི་ནང་སྲིད་ལ་ཐེ་ཇུས་བྱས་པ་ཞིག་རེད་ཅེས་བརྗོད་པ་དེའི་ཐད་ལུའུ་ཁང་གིས་དེ་ནི་ཀྲུང་གོའི་སྨྱན་སྦྱོར་གྱིས་ཨ་རིའི་སྨྱན་སྦྱོར་དང་ཁྲིམས་མཐུན་དང་ལུགས་མཐུན་ངང་མཉམ་ལས་བྱས་པ་ཞིག་ཡིན་པ་དང་། ཨ་རིའི་བཅའ་ཁྲིམས་དང་འགལ་མེད་ལ། ཕྱི་རྒྱལ་གྱི་སྨྱན་སྦྱོར་མང་པོ་ཞིག་གིས་ཀྱང་དེ་ལྟར་བྱེད་བཞིན་ཡོད་ཅེས་བརྗོད་པ་དང་། ཁོང་གིས་ཀྲུང་ཨའི་དབར་གྱི་རྒྱུན་གཏན་གྱི་སྤེལ་རེས་དང་མཉམ་ལས་བྱས་པ་དེ་དག་ཨ་རིའི་ནང་སྲིད་དང་འདེམས་བསྐོར་ཐེ་ཇུས་བྱས་པ་ཞིག་རེད་ཟེར་བ་ནི་རྦད་དེ་ཞྭ་དཔེ་ལྷམ་འགེབས་བྱས་པ་དང་གཞི་ཚུགས་ས་མེད་པ་ཞིག་རེད། ཐ་ན་ཨ་རིའི་སྨྱན་སྦྱོར་མང་པོ་དང་ལས་རིགས་ཁག་གི་མི་སྣས་ཀྱང་ཨ་རིའི་འགོ་ཁྲིད་པའི་སྐྱོན་འཛུགས་དེ་དག་ནི་བསམ་ཡུལ་ལས་འདས་པ་དང་ཁུངས་ལུང་མེད་པ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།

    ལུའུ་ཁང་གིས“འཛམ་གླིང་ཐོག་ཡང་སྙིང་རྒྱལ་ཁབ་སུས་གང་བྱུང་དུ་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་བྱེད་ཀྱི་ཡོད་མེད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྔ་ས་ནས་གསལ་པོ་ཤེས་ཀྱི་ཡོད། ང་ཚོས་ཨ་རི་ཕྱོགས་ལ་ཀྲུང་གོར་དོན་མེད་དམའ་འབེབས་དང་སྐྱོན་འཛུགས་བྱེད་མཚམས་འཇོག་དགོས་པ་དང་། རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པ། ཀྲུང་ཨའི་འབྲེལ་བར་གནོད་པའི་གཏམ་སྤྱོད་སྤེལ་མཚམས་འཇོག་དགོས་པ་བཅས་ཀྱི་ཁ་ཏ་བྱ་རྒྱུ་ཡིན”ཞེས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།