[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • པུར་ཀ་རི་ཡའི་རྒྱ་སེའི་མེ་ཏོག་དུས་ཆེན་སྐབས་ཀྲུང་གོའི་ཡུལ་སྐོར་བ་བཀྲག་མདངས་འཚེར་སར་གྱུར་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-13

    ཤིན་ཧྭ་གསར་འགྱུར་ཁང་པུར་ཀ་རི་ཡའི་གྲོང་ཁྱེར་ཁཱ་ཙན་ལེ་ཁེ་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། པུར་ཀ་རི་ཡའི་སྐད་གྲགས་ཆེ་བའི་རྒྱ་སེའི་མེ་ཏོག་དུས་ཆེན་དེ་ཉེ་དུས“རྒྱ་སེའི་མེ་ཏོག་གྲོང”ཁཱ་ཙན་ལེ་ཁེ་རུ་གཉེར་བས་ཀྲུང་གོའི་ཡུལ་སྐོར་བ་རྒྱ་སེའི་མེ་ཏོག་དུས་ཆེན་ལ་ལྟ་བར་ཡོང་མཁན་གཙོ་བོར་གྱུར་ནས་མཛེས་ལྗོངས་གསར་པ་ཞིག་བསྣན་ཡོད།

    ཉིན་དེའི་ཉིན་དགུང་ཙམ་ལ་འགོ་ཚུགས་པའི་རྒྱ་སེའི་མེ་ཏོག་དགའ་ནིའུ་ཡི་ཁྲོམ་སྐོར་ཆེན་པོ་ནི་རྒྱ་སེའི་མེ་ཏོག་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་མཐོ་རླབས་ཆེ་ཤོས་དེ་ཡིན་པ་དང་། ཀྲུང་གོ་དང་། དབྱི་ཐ་ལི། ཀེ་རི་སེ། རོ་མ་ནི་ཡ། སི་དོ་ཉི་ཡ་སོགས་རྒྱལ་ཁབ་བཅུ་ལྷག་ཙམ་དང་པུར་ཀ་རི་ཡའི་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་དམངས་སྲོལ་འཁྲབ་སྟོན་རུ་ཁག་དང་། རྒྱ་སེའི་མེ་ཏོག་གི་རྒྱན་སྤྲོས་རླངས་འཁོར། སློབ་གྲྭ་འབྲིང་ཆུང་གི་སློབ་མ་བཅས་ཁྲོམ་སྐོར་ནང་ཞུགས་ཡོད། སྐར་ལྔའི་དར་དམར་ཁཱ་ཙན་ལེ་ཁེ་གྲོང་ཁྱེར་ལྟེ་བའི་ལམ་ཆེན་དུ་ལྷབ་ལྷུབ་ཏུ་གཡོ་བ་དང་། འབྲུག་ཆེན་ཚོན་ཁྲ་ཅན་གྱིས་འཁྱུག་འགྲོས་བྱེད་པ། ཀྲུང་གོའི་མི་རིགས་ཀྱི་རོལ་དབྱངས་གཅིག་ལ་གཅིག་འགྲན་བཞིན་སྙན་འཇེབས་ལྡན་པ་བཅས་ལས་ལྟད་མོ་བ་ཁྲི་སྟོང་གི་བསྔགས་བརྗོད་ཐོབ་ཡོད།

    ཉིན་དེའི་རྟེན་འབྲེལ་བྱེད་སྒོ་དེ་ཞོགས་པའི་རྒྱ་སེའི་མེ་ཏོག་འཐུ་བ་ནས་འགོ་ཚུགས་ཏེ་ཁཱ་ཙན་ལེ་ཁེ་ཉེ་འདབས་ཀྱི་རྒྱ་སེའི་མེ་ཏོག་ཞིང་ནང་དུ་སྔ་པོ་ནས་ཡུལ་སྐོར་བ་ཁྲི་སྟོང་མང་པོ་འཛོམས་པའི་ཁྲོད་ཀྲུང་གོའི་ཡུལ་སྐོར་བ་དང་འཛམ་གླིང་ས་ཕྱོགས་ཁག་ནས་ཡོང་བའི་ཕྱི་ཁོངས་ཀྲུང་གོ་བས་80%ཡན་བཟུང་ཞིང་། ཁོང་ཚོས་ཚོ་དང་ཚོ་བྱས་ཏེ་དེ་གའི་མེ་ཏོག་འདེབས་མཁན་གྱིས་བསླས་པའི་མེ་ཏོག་རྒྱ་སེའི་ཕྲེང་བ་དང་རྒྱ་སེའི་མེ་ཏོག་གི་ཐོན་ཟོག་ཉོ་བ་དང་། པར་ཆས་སྣ་ཚོགས་ཐོག་ནས་ཞིང་ནང་དུ་གླུ་ལེན་གར་འཁྲབ་བྱེད་པའི་མེ་ཏོག་འདེབས་མཁན་པར་དུ་ལེན་པ། “རྒྱ་སེའི་མེ་ཏོག་བཙུན་མོ”དང་དྲན་རྟེན་པར་རྒྱག་པ་བཅས་བྱས་ཡོད།

    པུར་ཀ་རི་ཡར་ཡོང་ནས་རྒྱ་སེའི་མེ་ཏོག་དུས་ཆེན་ལ་ཞུགས་ཐེངས་དང་པོ་ཡིན་པའི་པེ་ཅིང་གི་ཡུལ་སྐོར་བ་ལི་ཅན་ཧྲེང་གིས“དེའི་སྙན་གྲགས་ཐོས་པ་བཞིན་དངོས་གནས་དོན་ལ་གནས་འདུག”ཅེས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་བྱུང་།

    རྒྱལ་ཁབ་11ནས་འཁྱེར་ཡོང་བའི་ཨོག་ལེན་དང་རོལ་ཆ་ཆིས་ཐ་200ལྷག་འགྲན་བསྡུར་ནང་ཞུགས་པ་དང་། ཀྲུང་གོའི་ཨོག་ལེན་བཟོ་བོ་མཁས་ཅན་ཀྲུང་དབྱང་རོལ་དབྱངས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཀྲེན་ཆོན་གྱིས་སྣེ་ཁྲིད་པའི་ཀྲུང་གོའི་འགྲན་བསྡུར་རུ་ཁག་གིས་ཨོག་ལེན་ཆུང་བ་བཟོ་བའི་ལག་རྩལ་གྱི་གསེར་གྱི་བྱ་དགའ་གཉིས་དང་། ཨོག་ལེན་འབྲིང་བ་བཟོ་བའི་གསེར་གྱི་བྱ་དགའ་གཅིག ཨོག་ལེན་བཟོ་བའི་གསེར་གྱི་བྱ་དགའ་གཅིག གནའ་བོའི་ཨོག་ལེན་འདྲ་བཟོའི་ལག་རྩལ་གྱི་གསེར་གྱི་བྱ་དགའ་གཅིག་དང་དེ་བཞིན་དངུལ་དང་ཟངས་ཀྱི་བྱ་དགའ་མང་པོ་བཅས་དུས་གཅིག་ཏུ་བླངས་ནས་ཀྲུང་གོ་ཉིད་ད་རེས་འགྲན་བསྡུར་ཆེན་པོའི་ནང་བྱ་དགའ་མང་ཤོས་ཐོབ་པའི་རྒྱལ་ཁབ་ཏུ་གྱུར་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།