[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་བྱ་གཞག་ལ་ལེགས་སྐྱེས་ཕུལ་བར་ང་ཚོས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”

    མཉམ་འབྲེལ་རྒྱལ་ཚོགས་ཞི་བདེ་སྲུང་སྐྱོང་པུའི་མགྲིན་ཚབ་པ་ཉི་ཁེ·པོ་ཨེན་པཱ་ཁེ་ལ་བཅར་འདྲི་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-04

    “ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་བྱ་གཞག་ལ་ལེགས་སྐྱེས་ཕུལ་བར་ང་ཚོས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་པུའི་མགྲིན་ཚབ་པ་ཉི་ཁེ·པོ་ཨེན་པཱ་ཁེས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། ཞི་བདེ་སྲུང་སྐྱོང་ལས་དོན་གྱི་འགན་འཁུར་མཁན་དྲུང་ཆེ་གཞོན་པ་ཕི་ཨེར·ལཱ་ཁེ་ལུའུ་ཝ་ཡི་ཚབ་ཞུས་ཏེ་ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་བྱ་གཞག་ལ་ལེགས་སྐྱེས་གལ་ཆེན་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་རེད།

    པོ་ཨེན་པཱ་ཁེས“ཀྲུང་གོས་ཞི་བདེ་སྲུང་སྐྱོང་བྱ་གཞག་ལ་མཐོང་ཆེན་བྱེད་པ་དེས་རྒྱལ་ཁབ་གཞན་ལ་དགེ་མཚན་ལྡན་པའི་མིག་དཔེ་བཟང་པོ་བཏོད་ཡོད། ལོ་མང་རིང་ཀྲུང་གོས་ཞི་བདེ་སྲུང་སྐྱོང་བྱ་གཞག་ལ་ལེགས་སྐྱེས་འབུལ་ཚད་མང་དུ་ཕྱིན་པས། ཞི་བདེ་སྲུང་སྐྱོང་དམག་མི་དང་ཉེན་རྟོག་པ་མངགས་གཏོང་བྱེད་མཁན་རྒྱལ་ཁབ་དང་དེ་བཞིན་ང་ཚོའི་མཉམ་ལས་རོགས་ཟླ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་ཚང་མའི་ངོས་ནས་བརྗོད་ན་མིག་དཔེ་ལྟ་འོས་པ་ཞིག་རེད”ཅེས་བཤད།

    པོ་ཨེན་པཱ་ཁེས་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་མི་སྣའི་བྱང་ཚད་ལ་ཚད་མཐོའི་གདེང་འཇོག་བྱས་ཤིང་། ཁོང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་ལས་འགན་སྒྲུབ་མཁན་ཀྲུང་གོའི་དམག་མི་དང་ཉེན་རྟོག་པའི་སྦྱོང་བརྡར་བྱང་ཆུབ་པར་བརྟེན་དུས་ཐོག་ཏུ་ཞི་བདེ་སྲུང་སྐྱོང་གི་ལས་འགན་ཁུལ་དུ་བསྐྱོད་དེ་ཧ་ཅང་རྙོག་འཛིང་ཆེ་བའི་ལས་འགན་ཚང་མ་ཕུན་སུམ་ཚོགས་པོའི་སྒོ་ནས་ལེགས་གྲུབ་བྱེད་ཀྱི་ཡོད། བྱང་ཚད་མཐོ་བའི་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དམག་མིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ཀྱི་ཕན་ནུས་རང་བཞིན་མཐོ་རུ་གཏོང་ཆེད་སྟོབས་དང་ལྡན་པའི་འགན་ལེན་མཁོ་འདོན་བྱས་ཡོད་ཅེས་བཤད།

    བཅར་འདྲི་བྱེད་སྐབས་པོ་ཨེན་པཱ་ཁེས་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་མི་སྣའི་གསོ་སྦྱོང་རྟེན་གཞིའི་ནང་བཙུགས་པའི་ཞི་བདེ་སྲུང་སྐྱོང་གི་ཀྲུང་གོའི་ཉེན་རྟོག་པའི་གསོ་སྦྱོང་ལྟེ་གནས་ལ་དགའ་སྣང་གི་རྣམ་འགྱུར་འཛིན་ཞིང་། ཁོང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་དུས་བཀག་ཐོག་རྟེན་གཞི་དེ་དག་ལ་འཚམས་འདྲི་བྱས་ཏེ་ཀྲུང་གོ་དང་མཉམ་དུ་མཉམ་འགུལ་ལེགས་པོ་དང་མཉམ་ལས་ཟབ་མོ་རྒྱུན་འཁྱོངས་བྱས་ཡོད། རྟེན་གཞི་དེ་དག་གིས་ཀྲུང་གོས་མངགས་གཏོང་བྱེད་པའི་དམག་མི་དང་དེ་བཞིན་ཞི་བདེ་སྲུང་སྐྱོང་མི་སྣར་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་པའི་ནུས་པ་ལྡན་རྒྱུ་འགན་ལེན་བྱས་ཡོད། ཀྲུང་གོས་ཞི་བདེ་སྲུང་སྐྱོང་མི་སྣ་མངགས་གཏོང་མ་བྱས་གོང་གི་སྦྱོང་བརྡར་ལ་མཐོང་ཆེན་བྱས་པ་དེ་ནི་ཞི་བདེ་སྲུང་སྐྱོང་མི་སྣས་ཞི་བདེ་སྲུང་སྐྱོང་གི་ལས་འགན་མཐའ་དག་ལེགས་པར་སྒྲུབ་རྒྱུ་འགན་ལེན་བྱེད་པའི་རྒྱུ་རྐྱེན་གཙོ་བོ་དེ་རེད་ཅེས་བཤད།

    འདི་ལོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཞི་བདེ་སྲུང་སྐྱོང་བྱ་གཞག་ལས་དོན་སྤེལ་ནས་ལོ་70འཁོར་བའི་ལོ་རེད་ལ། ཀྲུང་གོ་མཉམ་འབྲེལ་རྒྱལ་ཚོགས་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ནང་ཞུགས་ནས་ལོ་28འཁོར་བའི་ལོའང་རེད། ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ལ་རྒྱབ་སྐྱོར་དང་འབྲེལ་དེའི་ནང་ཧུར་ཐག་ཞུགས་ཡོད། ཀྲུང་གོ་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་བྱེད་མཁན་རྒྱལ་ཁབ་ལྔའི་ནང་ནས་ཞི་བདེ་སྲུང་སྐྱོང་མི་སྣ་གཏོང་མཁན་མང་ཤོས་ཀྱི་རྒྱལ་ཁབ་གཅིག་རེད། ད་བར་རིམ་རྩིས་བྱས་ན། ཞི་བདེ་སྲུང་སྐྱོང་གི་དམག་དོན་མི་སྣ་ཁྲི་3.5བཏང་བ་མ་ཟད། སྔ་རྗེས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་24ནང་ཞུགས་མྱོང་བས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས“ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ཀྱི་འགག་རྩའི་རྒྱུ་རྐྱེན་དང་འགག་རྩའི་སྟོབས་ཤུགས”ཡིན་ཞེས་བསྔགས་བརྗོད་བྱས་པ་རེད།

    2015ལོའི་ཟླ་དགུ་པར་ཀྲུང་གོའི་འགོ་ཁྲིད་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་དབུ་ཚོགས་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་བྱ་གཞག་གི་དམ་བཅའ་གལ་ཆེན་ཁྱབ་བསྒྲགས་བྱས་པའི་ནང་མི་གྲངས་8000གི་ཞི་བདེ་སྲུང་སྐྱོང་བཀའ་སྒུག་དཔུང་སྡེ་སྐྲུན་རྒྱུ་དང་། རྒྱལ་ཁབ་ཁག་ལ་ཞི་བདེ་སྲུང་སྐྱོང་མི་སྣ་2000གསོ་སྐྱོང་བྱ་རྒྱུ། ཨ་ཧྥེ་རི་ཁ་མནའ་འབྲེལ་ལ་ཨ་སྒོར་དུང་ཕྱུར་གཅིག་ཟིན་པའི་རིན་མེད་དམག་དོན་རོགས་སྐྱོར་བྱ་རྒྱུ་སོགས་ཚུད་ཡོད། ལོ་གཉིས་ལྷག་ཙམ་འབད་བརྩོན་བྱས་པ་བརྒྱུད། ཀྲུང་གོས་ན་ནིང་མི་གྲངས་8000ཡོད་པའི་ཞི་བདེ་སྲུང་སྐྱོང་བཀའ་སྒུག་དཔུང་སྡེ་ཐོ་བཀོད་བྱས་པ་དང་དེ་བཞིན་ཞི་བདེ་སྲུང་སྐྱོང་གི་མི་སྣ་1600གསོ་སྦྱོང་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།