[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • སྒྱུར་བཅོས་སྒོ་དབྱེད་ཀྱིས་ཀྲུང་ལུགས་གསོ་རིག་འཇར་མན་དུ་དར་བར་རམ་འདེགས་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-05-28

    ཀྲུང་ལུགས་གསོ་རིག་ནི་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཀྱི་སྙིང་བཅུད་གྲས་ཤིག་ཡིན། སྒྱུར་བཅོས་སྒོ་དབྱེ་ལས་ཀྲུང་ལུགས་གསོ་རིག་དེ་བས་ལེགས་པའི་སྒོ་ནས་ཕྱི་རྒྱལ་དུ་དར་ཐུབ་པ་བྱུང་ནས“ཀྲུང་ལུགས་གསོ་རིག་གི་ཚ་རླབས”འཕྱུར་བ་མ་ཟད། འཇར་མན་ཚུད་པའི་འཛམ་གླིང་གི་མི་དམངས་ལ་ཕན་བདེ་བསྐྲུན་ཡོད། ཀྲུང་ལུགས་གསོ་རིག་གི་ཁྱབ་ཁོངས་ནང་འཇར་མན་དུ་ལོ་32བྱེས་སྡོད་བྱས་པའི་ཕྱིར་སྡོད་ཀྲུང་གོ་བ་ཁེ་ལས་མཁས་ཅན་ཀྲུང་ཝུན་ཅུན་གྱིས་ལོ་20ལྷག་ཙམ་འབད་བརྩོན་བྱས་ཡོད།

    1996ལོར་ཀྲུང་ཝུན་ཅུན་གྱིས་འཇར་མན་གྱི་པ་ཧྥ་ལི་ཡ་ཀྲོའུ་ཧྲེ་ཝ་པ་ཧེ་གྲོང་ཁྱེར་དུ་འཇར་མན་འཇར་ཀྲུང་ཁང་ཀུང་སི་བཙུགས་ནས་གཙོ་བོ་ཀྲུང་ལུགས་ཀྱི་སྨན་ཐང་དང་སྨན་སོགས་འཚོང་གི་ཡོད་པ་རེད། ལས་གཏོད་འགོ་ཚུགས་སྐབས་ཀུང་སིའི་ལས་སྒོར་གྲུབ་འབྲས་གང་ཡང་ཐོབ་མེད་ལ་ཁོང་གིས་ཀྱང་འཕེལ་རྒྱས་ཀྱི་མདུན་ལམ་གང་ཡང་མེད་པ་སྙམ། དེའི་ཐོག་འཇར་མན་སྲིད་གཞུང་གི་དོ་དམ་སྒྲིག་གཞིས་ནང་འདྲེན་གྱི་ཀྲུང་ལུགས་སྨན་རྫས་ཀྱི་སྤུས་ཚད་ལ་རེ་བ་ནན་པོ་བཏོན་པས་ཀུང་སིར་དེ་སྔ་གྱོང་གུན་ཆེན་པོ་ཕོག་མྱོང་ཡོད་པ་རེད།

    འོན་ཀྱང་ད་ཆ་འཇར་ཀྲུང་ཁང་འདི་ཉིད་ཀྲུང་གོར་ཀྲུང་ལུགས་སྨན་རྩྭའི་འདེབས་འཛུགས་རྟེན་གཞི་ཡོད་པའི་ཡོ་རོབ་ཀྱི་ཀྲུང་ལུགས་སྨན་རྫས་ནང་འདྲེན་ཁེ་ལས་འབའ་ཞིག་དེར་གྱུར་པ་དང་སྨན་རྒྱུའི་ཐོན་རྫས་ཡོ་རོབ་དང་། ཨ་མེ་རི་ཁ་བྱང་མ། འཛམ་གླིང་དབུས་ཤར་སོགས་ས་ཆ་མང་པོར་གཏོང་གི་ཡོད།

    ཀྲུང་ཝུན་ཅུན་གྱིས་2009ལོར་ཀྲུང་གོའི་ཁྲང་ཧྲ་རུ་འཇར་ཀྲུང་ཁང་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སི་བཙུགས་ཏེ་ཧུའུ་ནན་གྱི་ཧྲེ་མོན་དུ་ས་ཆ་གཡར་ནས་ཀྲུང་ལུགས་ཀྱི་སྨན་རྩྭ་རིགས་50ལྷག་ཙམ་འདེབས་འཛུགས་བྱས་པ་དང་གཞན་ཡང་ཧུའུ་ནན་ལིའུ་དབྱང་དུ་གཙོ་བོ་ཤ་མོའི་རིགས་ཀྱི་སྨན་རྩྭ་འདེབས་འཛུགས་བྱེད་པའི་སྤྱི་ཆིང་15ཡི་འདེབས་འཛུགས་གླིང་བཙུགས་པ་ཡིན་ཞེས་བཤད།

    ཀྲུང་ཝུན་ཅུན་གྱིས་ཀྲུང་སིས་རྒྱལ་སྤྱིས་ཁས་ལེན་བྱས་པའི་ཐོན་སྐྱེད་གཞི་ཁྱོན་གྱི་ཚད་གཞི་གཞིར་བཟུང་། ཀྲུང་ལུགས་ཀྱི་སྨན་རྫས་ཐོན་སྐྱེད་དང་ནང་འདྲེན་བྱེད་ཀྱི་ཡོད། ཀྲུང་ལུགས་སྨན་རྫས་ཚང་མ་འཇར་མན་སྲིད་གཞུང་གིས་ཁས་ལེན་བྱས་པའི་འཇར་མན་ཚོད་ལྟ་ཁང་གི་སྤུས་ཚད་ཚད་གཞིའི་བརྟག་བཤེར་བརྒྱུད་རིམ་200ལྷག་ཙམ་བརྒྱུད་པ་དང་འབྲེལ་འཇར་མན་སྲིད་གཞུང་གིས་སྤྲད་པའི་སྨན་སྤྲོད་སའི་ཐོན་སྐྱེད་གཉེར་སྐྱོང་དོ་དམ་སྲོལ་ཡིག་གི་བརྟག་བཤེར་ལག་ཁྱེར་ཡང་ཐོབ་ཡོད་ཅེས་བཤད།

    ཀྲུང་ཝུན་ཅུན་གྱི་གཉེར་སྐྱོང་བྱེད་སྟངས་ལ་འཇར་མན་ཀྲུང་ལུགས་སྨན་རྫས་ལས་རིགས་ཀྱི་ཁས་ལེན་རྒྱ་ཁྱབ་དང་ཡིད་ཆེས་ཆེན་པོ་ཐོབ་ཅིང་། 2007ལོ་ནས་བཟུང་། ཡོ་རོབ་མནའ་འབྲེལ་སྨན་གཞུང་ཨུ་ལྷན་གྱི་འཇར་མན་གྱི་ཀྲུང་ལུགས་སྨན་རྫས་ཚོགས་ཆུང་གི་ཨེ་ཤེ་ཡའི་རིགས་རྒྱུད་ཀྱི་རིགས་གཅིག་མཁས་ཅན་གཅིག་པུ་ཡིན་པའི་ཁོང་ཡོ་རོབ་སྨན་གཞུང་ཀྲུང་ལུགས་སྨན་རྫས་ཆེད་གླེང་གི་འཆར་ཟིན་འགོད་པའི་ལས་དོན་ནང་ཞུགས་པ་དང་མིག་སྔར་ཀྲུང་ལུགས་སྨན་རྩྭ་སྣ་ཁ་70ལྷག་ཙམ་ཡོ་རོབ་སྨན་གཞུང་ནང་བཅུག་ཡོད་པ་རེད།

    ཀྲུང་ཝུན་ཅུན་གྱིས་བལྟས་ན། སྒྱུར་བཅོས་སྒོ་དབྱེས་ཀྲུང་འཇར་རྒྱལ་ཁབ་གཉིས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་སྦྱིན་ཡོད། ཉེ་བའི་ལོའི་ནང་ཀྲུང་གོའི་ཁེ་ལས་ཀྱིས་ཕྱི་རྒྱལ་གྱི་ཁྲོམ་རར་མ་རྩ་འབོར་ཆེན་བཏང་བ་དང་འབྲེལ་ས་གནས་དེ་གའི་ཁེ་ལས་ཉོ་ཡི་ཡོད། ཕྱོགས་གཅིག་ནས་ཀྲུང་གོའི་མ་རྩས་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་ཆེན་པོ་སྦྱིན་ནས་ལས་ཞུགས་ཀྱི་གོ་སྐབས་གསར་གཏོད་དང་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་ཐེབས་ཀྱི་ཡོད་ལ་ཀྲུང་གོའི་ཁེ་ལས་ཕྱི་རྒྱལ་དུ་གཞི་ཚུགས་ཐུབ་པ་བྱུང་ནས་ཁྲོམ་ར་བཏོད་པས་ཁེ་ལས་རང་ངོས་ཀྱང་འཕེལ་རྒྱས་དང་སྟོབས་ཆེར་སོང་ཡོད་པ་རེད།

    ཀྲུང་ཝུན་ཅུན་གྱིས་སྒྱུར་བཅོས་སྒོ་དབྱེ་དང་མེས་རྒྱལ་འཕེལ་རྒྱས་ཀྱི་གོ་སྐབས་བཟང་པོར་བརྟེན་ནས་རྒྱུན་ཆད་མེད་པར་གཞི་ཁྱོན་ཆེ་རུ་གཏོང་རྒྱུ་ཡིན་ལ་མ་འཇོག་རོགས་ཟླ་དེ་བས་མང་བའི་ཡིད་དབང་བཀུག་ནས“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ནང་ནུས་པ་གལ་ཆེན་འདོན་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།