[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • སྒོ་དབྱེ། ཀྲུང་ཨུའི་མཉམ་ལས“གོ་སྐབས་ཀྱི་སྐར་ཁུང”

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-05-16

    ནང་དོན་གནད་བསྡུས། 

    ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་རྒྱལ་ཁབ་གཉིས་པོའི་སྒོ་དབྱེའི་སྲིད་ཇུས་སྲུབས་མེད་སྦྲེལ་མཐུད་བྱས་ཏེ་ཕྱོགས་གཉིས་པོའི་དབར་དངོས་སྒྲུབ་མཉམ་ལས་བྱེད་ཟབ་ཏུ་གཏོང་རྒྱུར“གོ་སྐབས་ཀྱི་སྐར་ཁུང”གསར་པ་ཞིག་བཏོད་ཡོད།

    ཟླ་4ཚེས་10ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་2018ལོའི་ལོ་ཚོགས་ཀྱི་འགོ་འཛུགས་མཛད་སྒོའི་ཐོག་བཞེད་དོན་གཙོ་བོའི་གཏམ་བཤད་སྤེལ་ནས་ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40སོང་རིང་ཐོབ་པའི་རླབས་ཆེན་གྲུབ་འབྲས་དང་། བསགས་པའི་རྩ་ཆེའི་ཉམས་མྱོང་། དེ་བཞིན་འཛམ་གླིང་གི་འཕེལ་རྒྱས་དང་དར་རྒྱས་ལ་ཕུལ་བའི་དགེ་མཚན་ལྡན་པའི་ལེགས་སྐྱེས་བཅས་ཕྱོགས་སྡོམ་གཏིང་ཟབ་གནང་བ་དང་སྦྲགས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་རྩ་བའི་དོན་སྙིང་སྔར་བས་རྒྱས་བཤད་གནང་བ་དང་མུ་མཐུད་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་བྱེད་པའི་ཀྲུང་གོའི་ཆོད་སེམས་བརྟན་པོ་གསལ་པོ་གསུངས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ཀྱིས་ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་གྱི་འབྲེལ་བ་འཕེལ་རྒྱས་ཐད་ལྟ་སྟངས་ཇི་ལྟར་འཛིན་པ་དང་འཆར་འགོད་བཟོ་རྒྱུར་གལ་ཆེའི་བློ་སྒོ་ཕྱེ་ཡོད།

    ཙུང་ཐུང་སྨིར་ཅི་གཡོད་དབྱི་ཕུའུ་ཡི་འགོ་ཁྲིད་འོག ཨུ་ཟ་བྷེ་ཁི་སི་ཐན་གྱི་མི་དམངས་ཀྱིས་ཀྱང་རྒྱལ་ཁབ་སྒྱུར་བཅོས་ཀྱི་ལེའུ་གསར་པ་རྩོམ་འགོ་ཚུགས་ནས་ཁྱབ་ཁོངས་ཁག་ཏུ་སྒོ་དབྱེ་བྱེད་ཤུགས་ཉིན་རེ་ལས་མ་འདས་པར་ཆེ་རུ་ཕྱིན་ཡོད། མིག་སྔར་ཨུ་ཟ་བྷེ་ཁི་སི་ཐན་གྱི་སྤྱི་ཚོགས་བརྟན་ལྷིང་ཡོད་ལ། མི་རིགས་འཆམ་མཐུན་ཡོད་པས་གྲོང་མིའི་ཡོང་འབབ་ཀྱི་ཚད་གཞི་མངོན་གསལ་དོད་པོས་མཐོ་རུ་སོང་ཡོད། སྲིད་གཞུང་གི་དོ་དམ་མ་ལག་དེ་བས་ནུས་ཆེ་དང་། དེང་རབས་ཅན། སྒོ་འབྱེད། ཁ་གསལ་བཅས་ཡིན་པས་མི་དམངས་ཀྱི་བསམ་འཆར་དང་གྲོས་འགོར་བརྩི་འཇོག་གང་ལེགས་ཐུབ་ཡོད། དཔལ་འབྱོར་ཐད་སྔོན་ཆད་བྱུང་མྱོང་མེད་པའི་འཕེལ་ཤུགས་མངོན་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་ཕྱིན་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁས་ལེན་གང་ལེགས་ཐོབ་པ་དང་། མ་རྩ་གཏོང་མཁན་གསར་པའང་ཇེ་མང་དུ་སོང་བ། ལྷག་པར་དུ་རང་མོས་དཔལ་འབྱོར་ཁུལ་དང་། བཟོ་ལས་ཁུལ་དང་དེ་བཞིན་ཕྱིར་གཏོང་རྣམ་པ་དང་གསར་གཏོད་རྣམ་པའི་ཁེ་ལས་ཆར་རྗེས་མྱུ་གུ་འབུས་པ་ལྟར་འབོར་ཆེན་ཐོན་ཡོད། གཞན་ཡང་ཨུ་ཟ་བྷེ་ཁི་སི་ཐན་དང་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་འབྲེལ་བ་ཁྱོན་ཡོངས་ནས་ལེགས་སུ་སོང་སྟེ་ཨེ་ཤེ་ཡ་དབུས་མའི་ས་ཁོངས་དབར་གྱི་སྐད་ཆ་ཤོད་རེས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་འགྲོ་རྒྱུར་སྐུལ་ཁྲིད་ཀྱང་ཐུབ་ཡོད།

    དེའི་ཐོག་ནས“སྒྱུར་བཅོས”དང“སྒོ་དབྱེ”ནི་མ་འོངས་པའི་དུས་ཡུན་རིང་པོ་ཞིག་ནང་ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོར་འགྱུར་རྒྱུ་རེད་ཅེས་ཚིག་ཐག་གཅོད་ཆོག ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་ཀྱིས་རང་ཉིད་རྒྱལ་ཁབ་ཀྱི་གནས་ཚུལ་གཞིར་བཟུང་རང་རྒྱལ་ཁབ་ཀྱི་ཁྱད་ཆོས་ལྡན་པའི་ཁྱོན་ཡོངས་སྒྱུར་བཅོས་ཁྱབ་གདལ་གཏོང་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་བརྩི་འཇོག་བྱེད་ཀྱི་ཡོད་ལ། ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་དང་དཔལ་འབྱོར་དོ་དམ་ལམ་ལུགས་དང་། ཚོང་འགུགས་མ་འདྲེན་གྱི་སྲིད་ཇུས། དཔལ་འབྱོར་དམིགས་བསལ་ཁུལ་གྱི་དོ་དམ་སོགས་ཕྱོགས་ཁག་གི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་དང་དར་རྒྱས་ལ་དེ་བས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་འདོད་ཀྱང་ཡོད།

    ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་དབར་གྱི་དངོས་སྒྲུབ་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་ངོས་ནས་བརྗོད་ན། རྒྱལ་ཁབ་གཉིས་པོས་ཐུན་མོང་ཐོག་སྒོ་དབྱེའི་སྒོ་མོ་འབྱེད་པ་དེ་ནི་གཏམ་བཟང་ཆེ་ཤོས་ཤིག་ཡིན་པ་སྨོས་མེད་རེད། ཨུ་ཟ་བྷེ་ཁི་སི་ཐན་གྱིས་ཀྱང་དཔལ་འབྱོར་ཐད་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བཞིན་ཡོད། ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་རྒྱལ་ཁབ་གཉིས་པོའི་སྒོ་དབྱེའི་སྲིད་ཇུས་སྲུབས་མེད་སྦྲེལ་མཐུད་ཐུབ་པ་ནི་ཕྱོགས་གཉིས་པོས་དངོས་སྒྲུབ་མཉམ་ལས་བྱེད་ཟབ་ཏུ་བཏང་སྟེ་བཏོད་པའི“གོ་སྐབས་ཀྱི་སྐར་ཁུང”གསར་ཤོས་ཤིག་རེད། གོམ་སྟབས་རྗེས་མར་ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་དབར་གྱི་མཉམ་ལས་ཐད་གཤམ་གྱི་ཕྱོགས་ཁག་ལ་འཕེལ་རྒྱས་མྱུར་པོ་ཡོང་རྒྱུའི་རེ་སྒུག་བྱ་རྒྱུ་ཡིན།

    ཕན་ཚུན་མ་འཇོག་གཞི་ཁྱོན་སྔར་བས་ཆེ་རུ་གཏོང་རྒྱུའི་རེ་བ་འཆང་བ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་ཁྲོམ་རའི་ཆོག་འཐུས་ལྷུག་ཏུ་གཏོང་བ་དང་མ་འཇོག་ཁོར་ཡུག་ལེགས་སུ་གཏོང་བ་སོགས་ཐད་ཞིབ་ཕྲའི་བྱ་ཐབས་རབ་དང་རིམ་པ་བཏོན་གནང་ཡོད། ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་ནས་ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་ཀྱི་དངོས་ཡོད་སྟོབས་ཤུགས་ལྡན་ལ་འདོད་མོས་ཡོད་པའི་ཁེ་ལས་ཀྲུང་གོར་མ་འཇོག་བྱས་ནས་བྱ་གཞག་གཏོད་པར་ཡོང་རྒྱུར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུ་རྒྱུ་ཡིན། ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་ཀྱིས་ཀྱང་ཐོན་ལས་གླིང་ཁུལ་དང་། རྨང་གཞིའི་སྒྲིག་བཀོད། ཡུལ་སྐོར་སྒྲིག་བཀོད། ཚང་དོན་ཁུལ་སོགས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བཞིན་ཡོད་པས་ཀྲུང་གོའི་ཁེ་ལས་མང་པོར་དེའི་ཐད་ཉམས་མྱོང་ཕུན་སུམ་ཚོགས་པོ་ལྡན་ཡོད། ཁྲོམ་ར་དང་མ་འཇོག་ཁོར་ཡུག་རྒྱུན་མཐུད་ལེགས་པོ་བྱུང་ཚེ། ཀྲུང་གོ་ཕྱོགས་ཀྱིས་ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་ལ་མ་འཇོག་བྱེད་པའི་མཐོ་རླབས་གསར་པ་ཞིག་འཕྱུར་ཐུབ་ངེས་རེད།

    ཚོང་དོན་གྲུབ་ཆ་ལེགས་སུ་གཏོང་བ་དང་ཚོང་དོན་རིན་ཐང་མཐོ་རུ་གཏོང་བའི་ཐད་གོམ་སྟབས་གསར་པ་སྤོ་རྒྱུའི་རེ་བ་འཆང་བ། ཀྲུང་གོས་འདི་ལོའི་ཟླ་11པར་ཧྲང་ཧའེ་རུ་སྐབས་དང་པོའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་སྟོན་ཚོགས་གཉེར་རྒྱུ་དང་། ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་ཀྱིས་འབད་བརྩོན་ཆེན་པོས་ཕྱིར་གཏོང་གི་སྲིད་ཇུས་སྟོན་ཕྱོགས་རྒྱ་ཆེ་རུ་བཏང་ནས་དེ་དང་རྦད་དེ་འཚམ་ཐུབ་པ་བྱ་རྒྱུ་རེད། ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་གཉིས་ཀྱིས་སྤོམ་ཆེའི་ཚོང་ཟོག་གི་ཚོང་དོན་གན་རྒྱ་ལག་བསྟར་ནན་ཏན་བྱེད་པའི་རྨང་གཞིའི་ཐོག ཞིང་ལས་ཐོན་རྫས་དང་ཟུར་སྣོན་རིན་ཐང་མཐོ་བའི་ཐོན་རྫས་སོགས་ཚོང་དོན་གྱི་འཕར་གཞི་གསར་པ་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད། ལྷག་པར་དུ་ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་ཀྱི་སྲེའུ་དང་ཧ་སྨི་ཀྭ་སོགས་ཤིང་ཏོག་དང་སྔོ་ཚལ་སྤུས་ཀ་ལེགས་ལ་རིན་གོང་ཁེ་བས་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་ཡོད། དེར་བརྟེན་ཀྲུང་གོར་དགའ་བསུ་ཆེན་པོ་ཐོབ་རྒྱུ་ཡིན་པའི་ཡིད་ཆེས་ཡོད།

    “རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་ནས་གྲུབ་འབྲས་གསར་པ་ཐོབ་རྒྱུའི་རེ་བ་འཆང་བ། ཙུང་ཐུང་སྨིར་ཅི་གཡོད་ཡེ་ཕུའུ་ཡིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་བར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་ཚད་མེད་བྱེད་ཀྱི་ཡོད། ཨུ་ཟ་བྷེ་ཁེ་སི་ཐན་ཕྱོགས་དང་མཉམ་དུ“ཤར་གཏོང་ལྔའི”ཐད་མཉམ་ལས་བྱེད་ཟབ་ཏུ་བཏང་ནས། ཀྲུང་ཁེར་ཨུ་གསུམ་གྱི་ལྕགས་ལམ་ས་ཁུལ་མཉམ་སྦྲེལ་མཉམ་མཐུད་ཀྱི་རྣམ་གྲངས་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་པ་བརྒྱུད་ཀྲུང་ཨུ་དང་དེ་བཞིན་ས་ཁོངས་དེའི་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་བདེ་དེ་བས་ལེགས་པ་བསྐྲུན་འདོད་ཡོད།

    འདི་ལོའི་ཟླ་6པར། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་གི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཆིང་ཏའོ་རུ་འཚོག་རྒྱུ་རེད། ལོ་མང་རིང་། ཀྲུང་ཨུ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་གཞན་དག་དང་ལྷན་དུ་ཕན་ཚུན་ཡིད་ཆེས་དང་། གཉིས་ཁེ། འདྲ་མཉམ། གྲོས་མོལ། ཤེས་དཔལ་སྣ་མང་ལ་བརྩི་འཇོག ཐུན་མོང་འཕེལ་རྒྱས་དོན་གཉེར་བཅས་ཀྱི“ཧྲང་ཧའེ་ཡི་སྙིང་སྟོབས”གཞིར་བཟུང་། རྩ་འཛུགས་དེའི་སྒྲོམ་གཞིའི་འོག་གི་བདེ་འཇགས་དང་། དཔལ་འབྱོར་ཚོང་དོན། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་དེ་ཐོག་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི“རྒྱལ་སྤྱིའི་འབྲེལ་བ་གསར་པ་བཏོད་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས”ཞེས་པའི་འདུ་ཤེས་ལ་གསོན་ཤུགས་ཆེན་པོ་ལྡན་ལུགས་ར་འཕྲོད་གང་ལེགས་བྱུང་ཡོད། ཆིང་ཏའོ་དབུ་ཚོགས་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མི་མང་དུ་བཏང་རྗེས་ཀྱི་ཕུགས་ཀྱི་མཉམ་ལས་ཀྱི་ཇུས་ཆེན་འདིང་རྒྱུ་མངོན་འགྱུར་ཐུབ་རྒྱུ་ཡིན་པས། རྩ་འཛུགས་འདི་འཕེལ་རྒྱས་འགྲོ་ཆེད་སྒུལ་ཤུགས་ཆེན་པོ་ཞིག་སྣོན་རྒྱུ་མ་ཟད། ཀྲུང་ཨུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་ནང་དོན་སྔར་བས་ཕུན་སུམ་ཚོགས་སུ་འགྲོ་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད།

    (རྩོམ་པ་པོ་ནི་ཨུ་ཟ་བྷེ་ཁེ་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཅང་ཡན་ཡིན་པ)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།