[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • བྱིས་པ་གློག་རྡུལ་ལ་དབྱིངས་ཞུགས་པའི་ལོ་ཚད་སྔ་བསྣུར་ཟླ་18བྱས་པ།

    གློག་རྡུལ་བརྙན་ཤེལ་གྱིས་ཧྥ་རན་སེའི་མི་རབས་གསར་པར་གནོད་འཚེ་ཆེན་པོ་བཟོ་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།   ཧྥ་རན་སེར་བཅའ་སྡོད་མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཀོ་ཝུན་པོས།    |    སྤེལ་དུས།   2018-04-16

    ད་ཕན་ལོ་ཤས་རིང་། རིག་ནུས་ཁ་པར་དང་ངོས་ལེབ་གློག་ཀླད་སོགས་གློག་རྡུལ་བརྙན་ཤེལ་ཐོན་རྫས་སློབ་ཁང་དུ་ཐོན་འགོ་ཚུགས་ཤིང་། རྒྱབ་སྐྱོར་བྱེད་མཁན་གྱིས་གློག་རྡུལ་ཐོན་རྫས་མི་རབས་གསར་པས་དང་ལེན་བྱེད་བདེ་བ་དང་བྱིས་པའི་སློབ་གསོ་གྲངས་གཞི་ཅན་དུ་འགྱུར་རྒྱུར་ཕན་ཐོགས་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། ཡིན་ནའང་ཉེ་དུས་ཧྥ་རན་སེའི་གཙོ་རྒྱུན་སྨྱན་སྦྱོར་མང་པོ་ཞིག་གིས་སྔ་རྗེས་སུ་རྩོམ་ཡིག་སྤེལ་ནས་གློག་རྡུལ་བརྙན་ཤེལ་གྱིས་མི་རབས་གསར་པར་གནོད་འཚེ་ཆེན་པོ་བཟོ་བའི་སྐོར་བཀོད་ཡོད།

    ཧྥ་རན་སེའི《ཧྥེ་ཅ་ལོ་ཚགས་པར》ཐོག་ཧྥ་རན་སེའི་བྱིས་ནད་ཚན་ཁག་མཐུན་ཚོགས་དང་ཧྥ་རན་སེའི་རྒྱལ་ཁབ་བདེ་ཐང་དང་གསོ་རིག་ཞིབ་འཇུག་སུའོ་ཡིས་ཉེ་དུས་བརྟག་དཔྱད་བྱས་འབྲས་དྲངས་ཏེ་ཧྥ་རན་སེ་བ་44%ཡིས་ངོས་ལེབ་གློག་ཀླད་དམ་ཡང་ན་རིག་ནུས་ཁ་པར་ལོ་3མན་གྱི་བྱིས་པར་སྤྲོད་ཀྱི་ཡོད་པ་དང་། ལོ་3མན་གྱི་བྱིས་པ་47%གྱིས་གཟའ་འཁོར་རེར་ཆ་སྙོམས་སྐར་མ་30གློག་རྡུལ་བརྙན་ཤེལ་ལ་ལྡིར་ནས་སྡོད་པ། ལོ་2ནས་ལོ་5བར་གྱི་བྱིས་པ་གསུམ་ཆ་གཅིག་གིས་ཉིན་ལྟར་གློག་རྡུལ་བརྙན་ཤེལ་ལ་ཆུ་ཚོད་1ཡན་མགོ་འཁོར་ནས་བྱིས་པ་མང་པོ་ཞིག་གི་ཕྱི་རོལ་གྱི་ལུས་རྩལ་དུས་ཚོད་མི་འདང་བ་དང་། ཟ་རིགས་ཚད་ལས་བརྒལ་ནས་ཟ་བ། གཉིད་མི་འདང་བ་བཅས་ལས་མཐར་གཟུགས་པོའི་ལྗིད་ཚད་ཚད་ལས་བརྒལ་གྱི་ཡོད་ཅེས་བཀོད་ཡོད།

    བྱིས་པའི་ལུས་ཁམས་ལ་ཤུགས་རྐྱེན་ངན་པ་ཐེབས་པ་ཕུད་གློག་རྡུལ་བརྙན་ཤེལ་གྱིས་ད་དུང་བྱིས་པའི་རིག་པ་དང་སེམས་ཁམས་གྱི་བདེ་ཐང་ལའང་གནོད་འཚེ་ཆེན་པོ་བཟོ་ཡི་ཡོད། ལུའུ་ཨང་སྐད་ཡིག་དང་སློབ་སྦྱོང་གི་འགོག་རྐྱེན་དཔྱད་གཞི་ལྟེ་གནས་ཀྱི་སེམས་ཁམས་རིག་པ་མཁས་ཅན་ལེ་མར་ཧྲང་གིས་བྱིས་པས་རྩ་གསུམ་དངོས་གཟུགས་ལ་བལྟས་ཏེ་དབང་པོའི་ཚོར་སྐྱེན་ཐོབ་པ་དང་མི་རྒན་པའི་བྱ་ལུགས་བྱེད་སྟངས་ལ་ལད་ཟློས་བྱེད་དགོས་ཀྱི་ཡོད། ཡིན་ནའང་གློག་རྡུལ་བརྙན་ཤེལ་གྱིས་རྩ་གཉིས་དངོས་གཟུགས་ལས་མཐོང་མི་ཐུབ་པས་བྱིས་པར། མཁོ་བའི་སྤྱི་ཚོགས་ཀྱི་འབྲེལ་འདྲིས་མི་འདང་བ་མ་ཟད། གློག་རྡུལ་བརྙན་ཤེལ་དང་དོན་དངོས་ཁྲོད་ཀྱི་སྦྱོང་བརྡར་ནི་ཀླད་པའི་ཁོངས་མི་འདྲ་བ་ཡིན་ཞེས་བཤད་པ་རེད།

    ཕ་རི་སིའི་སྦྲུམ་མ་དང་བྱིས་པའི་བདེ་ཐང་ལྟེ་གནས་ཀྱིས་ཞིབ་འཇུག་བྱས་པ་ལས་བྱིས་པ་དབྱིངས་ཞུགས་པའི་ལོ་ཚད་ཟླ་18སྔ་བསྣུར་དུ་སླེབས་པ་ཤེས་རྟོགས་བྱུང་ཞིང་། ལྟེ་གནས་དེའི་རིགས་གཅིག་མཁས་པས“དུས་འགོའི་དབྱིངས་ཞུགས་པ”ནི་ཏག་ཏག་བྱིས་པའི་འཚར་ལོངས་ཀྱི་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པ་དང་། བྱིས་པས་གློག་རྡུལ་བརྙན་ཤེལ་ལ་མགོ་འཁོར་སྐབས་གློག་རྡུལ་བརྙན་ཤེལ་དེ་བྱིས་པ་དང་ཕྱི་རོལ་ཡུལ་གྱི་འབྲེལ་མཐུད་སྨྱན་བྱད་གཅིག་ཏུ་གྱུར་ནས་ཕྱི་རོལ་ཡུལ་གྱི་འབྲེལ་བ་གཞན་དག་བཅད་པས་བྱིས་པའི་སྐད་ཆ་ཤོད་ནུས་དང་འབྲེལ་འདྲིས་ནུས་པ་ཞན་དུ་འགྲོ་བ་དང་། ལན་འདེབས་དཀའ་བ་དང་། སྐད་ཆ་ཉུང་བ། ངང་རྒྱུད་ཐུང་བ། གསར་གཏོད་བྱེད་ནུས་ཞན་པ། རིག་པ་སྒྲིམ་མི་ཐུབ་པ། ངང་ཐུང་འཚབ་འཚུབ་ཆགས་པ་སོགས་སེམས་སྦུག་དོག་པའི་ནད་ལྟ་བུའི་ནད་རྟགས་ཐོན་གྱི་ཡོད། ཚབས་ཆེ་བའི་སྐབས་ཐ་ན་རོ་ཚོར་དང་། སྣོམ་ཚོར། རེག་ཚོར་བཅས་ཞན་དུ་འགྲོ་ཡི་ཡོད། ཧྥ་རན་སེའི་སྨྱན་སྦྱོར་གྱིས་ཁ་ན་ཏའི་ཞིབ་འཇུག་འབྲས་བུ་ཞིག་དྲངས་པ་ལས་ཤུགས་རྐྱེན་ངན་པ་དེ་རིགས་ལང་ཚོ་དར་སྒང་བར་ཐོན་གྱི་ཡོད། ལོ་3གྱི་གོང་བརྙན་འཕྲིན་མང་པོ་ལྟ་མཁན་གྱི་གཞོན་ནུ་ལོ་ཆུང་ལོ་མཉམ་དང་བསྡུར་ན་གྲོགས་མེད་ཁེར་རྐྱང་དུ་ལུས་ལ་གཤིས་ཀའང་དེ་བས་རྩུབ་པོ་ཡོད་པ་མངོན་ཡོད།

    ཧྥ་རན་སེའི་བྱིས་ནད་ཚན་ཁག་གི་སྨན་པ་ཏི་ཁང་ཏ་ཡིས་ཧྥ་རན་སེའི་གཞོན་ནུ་ལོ་ཆུང་གིས་གློག་རྡུལ་བརྙན་ཤེལ་ལ་དབྱིངས་ཞུགས་པའི་དཔེ་མཚོན་ལོ་15ཡི་རིང་ལྡབ་7འཕར་ཡོད་ཅེས་བཤད་ཅིང་། ཁོང་གིས“འདི་ནི་སྤྱི་པའི་བདེ་ཐང་གི་ཉེན་ཁ་ཧ་ཅང་ཆེན་པོ་ཞིག་ཡིན་པས་མི་རབས་གསར་པ་དེ་བས་མང་བའི་ལུས་ཁམས་སམ་ཡང་ན་སེམས་ཁམས་ལ་ལྷན་སྐྱེས་མིན་པའི་སྐྱོན་ཆགས་སྲིད”ཅེས་ཉེན་བརྡ་བཏང་བ་རེད།

    འོན་ཀྱང་། བྱིས་པ་དུས་ཡུན་རིང་པོ་གློག་རྡུལ་བརྙན་ཤེལ་དང་རྦད་དེ་གྱེས་སུ་འཇུག་པ་ནི་དོན་དངོས་དང་མི་མཐུན་པ་ཞིག་རེད། དེས་ན་ཧྥ་རན་སེའི་སེམས་ཁམས་ནད་རིགས་ཚན་ཁག་གི་སྨན་པ་ཏི་སི་ལུང་གིས་2007ལོར“3-6-9-12”ཞེས་པའི་བྱིས་པར་རིམ་བཞིན་གློག་རྡུལ་བརྙན་ཤེལ་ཐོན་རྫས་སྟོན་པའི་ཚོད་འཛིན་འཆར་གཞི་ཞིག་བཏོན་པ་སྟེ། ལོ་3གྱི་གོང་བརྙན་འཕྲིན་ལྟ་རུ་མི་འཇུག་པ་དང་། ལོ་6གི་གོང་རྩེད་འཕྲུལ་ལ་རོལ་མི་འཇུག་པ། ལོ་9ཡི་གོང་དྲ་སྦྲེལ་དུ་མི་ཞུགས་པ། ལོ་12ཀྱི་གོང་སྤྱི་ཚོགས་འབྲེལ་འདྲིས་ཀྱི་དྲ་བར་ཐོ་འགོད་མི་འཇུག་པ། ལོ་12ཀྱི་རྗེས་སུ་གློག་རྡུལ་བརྙན་ཤེལ་ཐོན་རྫས་ཀྱི་འཛད་སྤྱོད་ལ་ཚོད་འཛིན་བྱེད་པ་བཅས་རེད། བྱིས་ནད་ཚན་ཁག་གི་སྨན་པ་སི་ཐོ་ལེས་ཁྱིམ་བདག་ཚོར་ཁོང་ཚོའི་ཕྲུ་གུས་ཉིན་ལྟར་གློག་རྡུལ་བརྙན་ཤེལ་ལ་ལྡིར་བའི་དུས་ཚོད་བསྡོམས་རྩིས་དང་སྦྲགས་ཚོད་འཛིན་བྱེད་དགོས་པ་མ་ཟད་ཕྲུ་གུར་སེམས་ཁུར་མང་ཙམ་བྱེད་དགོས་པའི་རེ་བ་བཏོན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།