[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • དབྱི་ཐ་ལིས་ཀྲུང་གོར་ཞིང་ལས་ཐོན་ཟོག་ཕྱིར་གཏོང་བྱེད་ཚད་ཆེ་རུ་ཧུར་ཐག་གཏོང་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།   དབྱི་ཐ་ལིར་བཅའ་སྡོད་མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཡེ་ཆིས།    |    སྤེལ་དུས།   2018-04-16

    དབྱི་ཐ་ལི་ཨན་ཧྲ་ཚགས་པར་ཁང་གིས་ཉིན་ཤས་གོང་སྤེལ་བའི་གནས་ཚུལ་གཞིར་བཟུང་། དབྱི་ཐ་ལི་དང་ཀྲུང་གོའི་2017ལོའི་ཕྱིར་གཏོང་ནང་འདྲེན་གི་ཚོང་དོན་བསྡོམས་འབོར་ཡོ་སྒོར་དུང་ཕྱུར་420ཟིན་པ་དེ་དུས་མཚུངས་ལས་9.2%འཕར་བ་དང་དབྱི་ཐ་ལིས་ཀྲུང་གོར་ཕྱིར་གཏོང་བྱས་པའི་ཚོང་དོན་ལྡོག་ཁྱད་སྔར་བས་ཆག་པ་དེའི་ནང་དབྱི་ཐ་ལིས་ཀྲུང་གོར་ཞིང་ལས་ཐོན་ཟོག་ཕྱིར་གཏོང་བྱེད་ཚད་མགྱོགས་མྱུར་འཕར་བཞིན་ཡོད་པ་རེད།

    དབྱི་ཐ་ལིའི་འབྲེལ་ཡོད་སྒྲིག་གཞིས་བསྡོམས་བརྩིས་བྱས་པའི་གྲངས་གཞི་གཞིར་བཟུང་། 2017ལོར་དབྱི་ཐ་ལིས་ཀྲུང་གོར་ཞིང་ལས་ཐོན་ཟོག་ཕྱིར་གཏོང་བསྡོམས་འབོར་ཡོ་སྒོར་དུང་ཕྱུར་4.48ལས་བརྒལ་ནས་18%འཕར་ཡོད། དབྱི་ཐ་ལིའི་ཞིང་འབྲོག་མཐུན་ཚོགས་ཀྱིས་ཉེ་ཆར་ཁྱབ་བསྒྲགས་བྱས་པའི་ཞིབ་འཇུག་སྙན་ཞུའི་ནང་དབྱི་ཐ་ལིས་ཐོན་སྐྱེད་བྱས་པའི་རྒུན་འབྲུམ་ཨ་རག་དང་ཤིང་འབྲས་སོགས་ཀྱི་ཐོན་རྫས་ཀྱིས་ཀྲུང་གོའི་ཁྲོམ་ར་བཟུང་ཚད་སྔར་བས་ཆེ་རུ་འགྲོ་སྲིད་པ་བསྟན་ཡོད། དབྱི་ཐ་ལིའི《དགོང་དྲོའི་སྦྲག་སྲིད་ཚགས་པར》ནང་ཨ་རིའི་ཉོ་ཚོང་སྲུང་སྐྱོང་རིང་ལུགས་ཀྱི་བྱ་སྤྱོད་ལ་ལན་སློག་ཆེད། ཀྲུང་གོ་སྲིད་གཞུང་གིས་ཟླ་4ཚེས་2ཉིན་ནས་བཟུང་ཨ་རི་ནས་ཐོན་སྐྱེད་བྱས་པའི་རིགས་7གྱི་ནང་འདྲེན་ཚོང་ཟོག་128ལ་སྒོ་ཁྲལ་གཅོག་པའི་འོས་འགན་མཚམས་འཇོག་བྱས་ཏེ་ད་ལྟ་ལག་བསྟར་བྱེད་པའི་སྤྱོད་གོ་ཆོད་པའི་སྒོ་ཁྲལ་ཁྲལ་འབོར་གྱི་རྨང་གཞིའི་ཐོག་སྒོ་ཁྲལ་མང་དུ་བཏང་བས་ཨ་རི་ནས་ཐོན་སྐྱེད་བྱས་པའི་ཕག་ཤ་དང་། ཤིང་འབྲས། ཤུན་མཁྲེགས་ཤིང་ཏོག རྒུན་འབྲུམ་ཨ་རག་སོགས་ཐོན་རྫས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུ་རེད། འོན་ཀྱང་དབྱི་ཐ་ལི་ནི་གོ་ལ་ཧྲིལ་པོའི་རྒུན་འབྲུམ་ཨ་རག་ཐོན་སྐྱེད་བྱེད་མཁན་ཆེ་ཤོས་ཀྱི་རྒྱལ་ཁབ་གྲས་ཤིག་ཡིན་པ་དང་ལོའི་ཆ་སྙོམས་ཐོན་སྐྱེད་བྱེད་ཚད་ཧྲེང་ཁྲི་5000ཙམ་ཟིན་པ་དང་། ཀྲུང་གོ་ནི་འཛམ་གླིང་གི་རྒུན་འབྲུམ་ཨ་རག་འཛད་སྤྱོད་བྱེད་མང་ཤོས་ཀྱི་རྒྱལ་ཁབ་ལྔའི་གྲས་ཤིག་ཡིན་པས“དབྱི་ཐ་ལིས་ཀྲུང་གོའི་རྒུན་འབྲུམ་ཨ་རག་གི་འཛད་སྤྱོད་ཁྲོམ་རར་མཐོང་ཆེན་མི་བྱེད་པའི་རྒྱུ་མཚན་མེད”ཅེས་འཁོད་ཡོད།

    2017ལོར་ཀྲུང་གོས་ནང་འདྲེན་བྱས་པའི་དབྱི་ཐ་ལིའི་རྒུན་འབྲུམ་ཨ་རག་གི་བསྡོམས་འབོར་ཨ་སྒོར་དུང་ཕྱུར་1.6ལས་བརྒལ་བ་དང་ཀྲུང་གོས་ཨ་རི་ནས་ཐོན་སྐྱེད་བྱས་པའི་རྒུན་འབྲུམ་ཨ་རག་སོགས་ནང་འདྲེན་ཐོན་རྫས་ལ་སྒོ་ཁྲལ་སྤར་རྗེས་དབྱི་ཐ་ལིའི་རྒུན་འབྲུམ་ཨ་རག་ཐོན་སྐྱེད་ལས་རིགས་ཀྱིས་ཚོང་གཉེར་བསམ་ཕྱོགས་སྔར་བས་ལེགས་སྒྲིག་བྱས་ཏེ་ཀྲུང་གོའི་ཁྲོམ་རའི་དགོས་མཁོར་སྔར་བས་ཞིབ་འཇུག་ནན་ཏན་བྱས་ནས་ཀྲུང་གོར་ཕྱིར་གཏོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།

    དབྱི་ཐ་ལི་ཞིང་འབྲོག་མཐུན་ཚོགས་ཀྱི་སྙན་ཞུའི་ནང་དབྱི་ཐ་ལི་ནས་ཐོན་པའི་ཁམ་བུ་སྨི་ཧོའུ་དང་ཚ་ལུ་མ་སོགས་རིམ་པ་དང་པོའི་ཞིང་ཞོར་ཐོན་ཟོག་ཀྱང་དེ་དང་བསྟུན་ནས་ཀྲུང་གོར་ཕྱིར་གཏོང་བྱེད་ཚད་མང་དུ་ཕྱིན་པ་བསྟན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་དབྱི་ཐ་ལིས་ཀྲུང་གོར་ཕྱིར་གཏོང་བྱས་པའི་ཤིང་འབྲས་ནང་ཁམ་བུ་སྨི་ཧོའུ་དང་ཚ་ལུ་མ་ལས་མེད། སླད་ཕྱིན་ད་དུང་དབྱི་ཐ་ལིས་ཤིང་འབྲས་སྣ་ཁ་དང་གྲངས་འབོར་དེ་བས་མང་བ་ཀྲུང་གོའི་ཁྲོམ་རར་ཕྱིར་གཏོང་བྱེད་སྲིད། གཞན་ཡང་དབྱི་ཐ་ལི་ནས་ཐོན་པའི་སྐྱུ་རུའི་སྣུམ་དང་། ཕྱུ་ར། ཐུག་པ་སོགས་ཞིང་ཞོར་ཐོན་ཟོག་ཀྲུང་གོའི་ཁྲོམ་རར་བྲིན་ཁ་རྒྱུག་པོ་ཡོད་པ་རེད། དབྱི་ཐ་ལིའི་ཐུག་པར་ཆ་མཚོན་ན། 2017ལོར་ཀྲུང་གོར་བྲིན་ཚད་ཡོ་སྒོར་ཁྲི་2300ཟིན་ནས་འཕར་ཚད་20%ལས་བརྒལ་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།