[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • བཀྲ་ཤིས་དགའ་བདེའི་དཔལ་ལ་རོལ། མཛེས་པའི་འབྱུང་འགྱུར་རེ་སྨོན་བྱེད།

    ཕྱི་རྒྱལ་དུ་བཅའ་སྡོད་གཞུང་ཚབ་ཆེ་མོ་ཁང་དང་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་དང་། ཕྱིར་སྡོད་རང་མི་དང་ཕྱི་ ཁོངས་ཀྲུང་གོ་བ་སོགས་ཀྱིས་བྱེད་སྒོ་གཉེར་ནས་ལུགས་རྙིང་ས་ཁྱི་ལོའི་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-02-26

    ལུགས་རྙིང་ས་ཁྱི་ལོའི་དཔྱིད་གསར་དུས་ཆེན་འཆར་བའི་སྐབས་སུ་ཕྱི་རྒྱལ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་དང་། ཁུང་ཙིའི་སློབ་གླིང་། ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་སོགས་ཀྱིས་བྱེད་སྒོ་སྣ་ཚོགས་སྤེལ་ནས་ཐུན་མོང་ཐོག་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུས་ཏེ་བཀྲ་ཤིས་དགའ་བདེའི་དཔལ་ལ་རོལ་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་རེ་སྨོན་བཟང་པོ་བཅངས་པ་རེད།

    ཚེས་20ཉིན། རི་པིན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་རི་པིན་དུ་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་དཔྱིད་གསར་གྱི་སྣེ་ལེན་ཚོགས་འདུ་འཚོགས་ཤིང་། རི་པིན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཁྲེང་ཡུང་ཧྭ་ཡིས་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བར་དཔྱིད་གསར་གྱི་སྨོན་འདུན་ཞུས་ཏེ་རི་པིན་དུ་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བས་འདས་པའི་ལོ་གཅིག་ནང་མེས་རྒྱལ(ཕ་ཡུལ)འཛུགས་སྐྲུན་དང་ཞི་བདེ་གཅིག་གྱུར་སྲུང་སྐྱོང་ལ་རྒྱབ་སྐྱོར་དང་། ཀྲུང་གོ་དང་རི་པིན་གྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་གནང་བ་མ་ཟད། འདི་ལོ་ཀྲུང་རི་ཞི་བདེ་མཛའ་གྲོགས་ཆིངས་ཡིག་བཞག་ནས་ལོ་40འཁོར་བ་དང་ཏག་ཏག་འཁེལ་བས། རི་པིན་དུ་ཡོད་པའི་སྤུན་ཟླ་ཚོས་མུ་མཐུད་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཚེས་20ཉིན་གྱི་དགོང་མོ། འཇར་མན་གྱི་ཧན་པའོ་རུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་བ་སུན་ཚུང་པིང་དང་ཧན་པའོ་གྲོང་ཁྱེར་གྱི་ཧྲི་ཀྲང་ཤའོ་ཨར་ཚེས་ཧན་པའོ་གྲོང་སྲིད་ཐིང་དུ་ཐུན་མོང་ཐོག་དཔྱིད་གསར་དུས་ཆེན་གྱི་སྣེ་ལེན་ཚོགས་འདུ་འཚོགས་ཤིང་། ཤའོ་ཨར་ཚེས་ཧན་པའོ་ནི་ཀྲུང་གོས་ཡོ་རོབ་ལ་བསྐྱོད་པའི་སྒོ་མོ་ཡིན་པ་དང་། 2018ལོའི་ཀྲུང་ཡོའི་གླེང་སྟེགས་ཀྱི་ཧན་པའོ་དབུ་ཚོགས་ཀྱིས་རྒྱལ་ཁབ་གཉིས་ལ་སྤེལ་རེས་སྔར་ལས་ལྷག་པ་བྱེད་པའི་ལས་སྟེགས་ཤིག་བསྐྲུན་རྒྱུ་རེད་ཅེས་གསུངས། སུན་ཚུང་པིང་གིས་ཤིས་ཚིག་གསུངས་སྐབས། 2017ལོར་ཧན་པའོ་དང་ཀྲུང་གོའི་མཛའ་གྲོགས་སྤེལ་རེས་ཐད་ཐོབ་པའི་གྲུབ་འབྲས་ལ་ཕྱིར་དྲན་གནང་བ་མ་ཟད། མིག་སྔར་ཀྲུང་འཇར་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ལོ་རྒྱུས་ཐོག་གི་དུས་ཚོད་ཡག་ཤོས་སུ་སླེབས་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་སླད་ཕྱིན་རྒྱལ་ཁབ་གཉིས་པོ་མཉམ་ལས་སྔར་ལས་མང་བ་ཡོང་བའི་རེ་སྒུག་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།

    ཚེས་19ཉིན། ཐུར་ཁེའི་གྲོང་ཁྱེར་ཆེ་ཤོས་དབྱི་སི་ཐན་པུར་དུ་ཡེ་ཏི་ཐེ་ཕའེ་སློབ་ཆེན་ཁུང་ཙི་སློབ་གླིང་གིས་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་འདུ་ཚོགས་འཚོགས་ཏེ་ལྟད་མོ་བ་200ཙམ་ལ་ཀྲུང་གོའི་ལོ་གསར་གྱི་དགའ་སྐྱིད་རྣམ་པ་མྱོང་རོལ་བྱེད་དུ་བཅུག་ཡོད།

    ཚེས་17ཉིན། སི་ཕེན་གྱི་རྒྱལ་ས་མ་ཏེ་རིར་སི་ཕན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལུའེ་ཧྥན་དང་མ་ཏེ་རིའི་IEཚོང་དོན་སློབ་གླིང་གི་སློབ་སྤྱི་དབྱི་ཉི་ཀེ་སིས་སེང་རྩེད་ལ་སྤྱོད་པའི་སེང་གེའི“མིག”བྲིས་ཏེ་ཚོང་དོན་སློབ་གླིང་གི་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་འགོ་བཙུགས། ལུའེ་ཧྥན་གྱིས་སི་ཕེན་གྱི་ཚོང་དོན་སློབ་གླིང་ཨང་དང་པོར་སློབ་སྦྱོང་བྱེད་བཞིན་པའི་ཕྱི་ཁོངས་ཀྲུང་གོ་བས་སློབ་ལ་འབད་བརྩོན་དང་ཀྲུང་གོའི་རིག་གནས་བརྒྱུད་སྤེལ་ཧུར་ཐག་བྱས་ཏེ། རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་ཀྲུང་སིའི་མཛའ་གྲོགས་ཐད་ལེགས་སྐྱེས་འབུལ་དགོས་པའི་སྐུལ་ལྕག་གནང་བ་རེད།

    ཚེས་18ཉིན། ཝེ་ནེ་ཙུའེ་ལའི་རྒྱལ་ས་ཁ་ར་ཁ་སིར་དཔྱིད་གསར་གྱི་ཚོགས་མཆོད་ཅིག་གིས་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་ཉིས་སྟོང་ཙམ་དང་ཡུལ་དེའི་དམངས་ཚོགས་ཀྱི་ཡིད་དབང་བཀུག་ཡོད།

    པོ་ཚི་ཝ་ནར་ཡོད་པའི་ཕྱི་ཁོངས་ཀྲུང་གོ་བས་དཔྱིད་གསར་དུས་ཆེན་རིང་། པོ་ཚི་ཝ་ནའི་གོམས་སྲོལ་གཞིར་བཟུང་རྒྱལ་ས་ཀ་པོ་རོ་ནེ་གྲོང་ཁྱེར་གྱི་པོ་ཧྭ་དགོན་དུ་སྨོན་ལམ་འདེབས་པར་བསྐྱོད་ཅིང་། གསལ་ལྷང་ངེར་གྲགས་འོང་བའི་དགོན་པའི་དྲིལ་བུའི་སྒྲ་དང་ལྷན་དུ་ལོ་གསར་པའི་ནང་བཀྲ་ཤིས་པ་དང་། དོན་འགྲུབ་པ། བདེ་སྐྱིད་ལྡན་པ་བཅས་ཡོང་བའི་སྨོན་ལན་བཏབ་པ་རེད། ཀྲུང་གོར་བཅའ་སྡོད་པོ་ཚི་ཝ་ནའི་གཞུང་ཚབ་ཆེ་མོ་བ་ཟུར་པ་ས་ས་ལཱ·ཆའོ་ཀྲིས་ཚེས་17ཉིན་པོ་ཧྭ་དགོན་དུ་ཕེབས་ནས་ལོ་གསར་པའི་སྦྲག་འཛིན་དང་པར་རིས་འགྲེམས་སྟོན་ལ་གཟིགས་ཏེ་ཀྲུང་གོའི་དམིགས་བསལ་གྱི་སྲོལ་རྒྱུན་རིག་གནས་ཉམས་ལེན་གནང་བ་མ་ཟད། པོ་ཚི་ཝ་ནར་ཡོད་པའི་ཕྱི་ཁོངས་ཀྲུང་གོ་བ་དང་། དེ་བཞིན་ཡུལ་དེའི་དམངས་ཚོགས་དང་ལྷན་དུ་ལུགས་རྙིང་ས་ཁྱི་ལོའི་དཔྱིད་གསར་དུས་ཆེན་དགའ་གཏོང་བྱས་པ་རེད།

    ཚེས་14ཉིན། ཁེན་ནི་ཡའི་རྒྱལ་ས་ནེ་རོ་པིར་ཁེན་ཡ་ཐ་སློབ་ཆེན་གྱི་ཁུང་ཙི་སློབ་གླིང་གིས“ལོ་གསར་གཏོང་སྟངས་མྱོང་རོལ་བྱེད། ཀྲུང་ཁེན་མཛའ་གྲོགས་ལྷུག་པོར་གླེང”ཞེས་པའི་དཔྱིད་གསར་དུས་ཆེན་གྱི་བྱེད་སྒོ་སྤེལ་ཞིང་། ལྒང་བཞུ་དམར་པོ་དང་། ཤོག་དྲས་རི་མོ། ཀྲུང་གོའི་བཀྲ་ཤིས་མདུད་པ། དཔྱིད་གསར་ཆ་ཡིག་སོགས་ཀྱིས་བྱེད་སྒོ་སྤེལ་ཡུལ་དུ་དགའ་སྐྱིད་དང་ལོ་གསར་པའི་རྣམ་པས་ཁེངས་ཡོད། ཁེན་ཡ་ཐ་སློབ་ཆེན་ཁུང་ཙི་སློབ་གླིང་གི་ཀྲུང་གོ་ཕྱོགས་ཀྱི་ཡོན་ཀྲང་ལི་ཆང་གིས་ཀྲུང་གོའི་དཔྱིད་གསར་དུས་ཆེན་གྱི་གོམས་སྲོལ་དང་ལོ་འཁོར་བཅུ་གཉིས་ཀྱི་གཏམ་རྒྱུད་སོགས་ངོ་སྤྲོད་གནང་སྟེ་དེ་གར་ཡོད་པའི་ཀྲུང་ཁེན་སློབ་མ་400ཙམ་ལ་དཔྱིད་གསར་དུས་ཆེན་དང་འབྲེལ་བའི་སློབ་ཚན་ཞིག་འཚོགས་ཏེ་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་རྣམ་པའི་ཐོག་ནས་ཀྲུང་ཁེན་མཛའ་གྲོགས་སྔར་ལས་ཟབ་པ་ཡོང་བའི་ཐུགས་རེ་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།